རང་ཞིང་གིས2024ལོའི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་དང་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་སྤེལ་རྒྱུ་རེད།
2024.11.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ད་ལོའི་ཟླ12པའི་ཚེས4ཉིན་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་སྐབས་བཅུ་གཅིག་པ་ཡིན་ལ། རྒྱལ་ཡོངས་ཀྱི་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་སྐབས་བདུན་པ་སླེབས་ལ་ཉེ་བས། ཞིང་ཆེན་ཏང་ཨུའི་ཞིང་ཆེན་ཁྲིམས་ལྟར་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པའི་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྲུང་དང་བཅའ་ཁྲིམས་ཁྱབ་གདལ་མཐུན་སྦྱོར་ཚན་ཆུང་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཁྲིམས་འཛིན་ཐིན་བཅས་ཀྱིས་ཟླ11པའི་ཚེས15ཉིན་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱི2024ལོའི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་དང་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་གྱི་ཇུས་གཞི་པར་འགྲེམ་བྱས་ནས། ད་ལོའི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་སྔ་གཞུག་ཏུ་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་མུ་མཐུད་དུ་སྤེལ་རྒྱུ་རེད།

ཇུས་གཞི་ལྟར་ན། ཐེངས་འདིའི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་དང་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་གྱི་བརྗོད་དོན་ནི་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་རེད། དྲིལ་སྒྲོག་གི་ནང་དོན་གཙོ་བོའི་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན། ཀྲུང་གོ་གསར་པའི་རྩ་ཁྲིམས་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་རྩ་ཁྲིམས་ཀྱི་གོ་གནས་ནུས་པ། རྩ་ཁྲིམས་དང་རྒྱལ་དར་བཅའ་ཁྲིམས། རྒྱལ་གླུ་བཅའ་ཁྲིམས། རྒྱལ་རྟགས་བཅའ་ཁྲིམས་སོགས་རྩ་ཁྲིམས་དང་འབྲེལ་བའི་བཅའ་ཁྲིམས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་དོན་ལྔའི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་རྒྱལ་ཁབ་ཁྲིམས་ལྟར་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པ་དང་ཞིང་ཆེན་ཁྲིམས་ལྟར་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པའི་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། དམངས་ཚིས་འགན་སྲུང་དང་ལེགས་སྒྱུར། ཉེན་ཁ་ཆེན་པོ་འགོག་ཟོན་བྱེད་པ་སོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བཅས་འདུ།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི2024ལོའི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་དང་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་དེ། གཙོ་རའི་བྱ་འགུལ་དང་བརྗོད་དོན་བྱ་འགུལ། མུ་འབྲེལ་བྱ་འགུལ་བཅས་མཉམ་འབྲེལ་བྱེད་པའི་རྣམ་པ་སྤྱད་དེ་སྤེལ་རྒྱུ་ཡིན་པ་དང་། བྱ་འགུལ་ཐད་ནས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་གཙོ་རའི་བྱ་འགུལ་ཐེངས་གཅིག་དང་རྩ་ཁྲིམས་གནས་དགུར་བསྐྱོད་པའི་བརྗོད་དོན་བྱ་འགུལ་ཐེངས་གཅིག་སྤེལ་ནས། རྩ་ཁྲིམས་ཀྱི་དགོངས་པ་མིའི་སེམས་སུ་སིམ་པར་བྱེད་པ་དང་། རྩ་ཁྲིམས་ཀྱི་དགོངས་པར་བརྟེན་ནས་སེམས་ཤུགས་གཅིག་བསྡུ་བྱེད་རྒྱུ་རེད། རྩ་ཁྲིམས་ཀྱི་བརྗོད་དོན་དྲིལ་སྒྲོག་དང་ལག་ལེན་བྱ་འགུལ་རབ་དང་རིམ་པ་རྩ་འཛུགས་བྱེད་པའི་ཞོར་དུ། ད་དུང2024ལོའི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ལས་བྱེད་མི་སྣས་དྲ་ཐོག་ནས་བཅའ་ཁྲིམས་སློབ་སྦྱོང་བྱེད་པ་དང་བཅའ་ཁྲིམས་བཀོལ་སྤྱོད་བྱེད་པའི་རྒྱུགས་ལེན་དང་དམངས་ཡོངས་འགྲན་བསྡུར། རྩ་ཁྲིམས་ཞོགས་ཀློག་སོགས་ཀྱི་མུ་འབྲེལ་བྱ་འགུལ་བཅུ་ལྷག་སྤེལ་ནས། རྩ་ཁྲིམས་སློབ་སྦྱོང་དང་དྲིལ་སྒྲོག་་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་རྒྱུ་རེད།

ཇུས་གཞིའི་ནང་། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་གཙོ་གཞི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། ལས་སྒོའི་འགན་ནུས་ལ་ཟུང་འབྲེལ་བྱེད་པ། རང་འགུལ་གྱིས་འགན་སྒྲུབ་འབད་འཐབ་བྱེད་པ། ཁྱད་ཆོས་མངོན་གསལ་ལྡན་པ་དང་མང་ཚོགས་ཞུགས་མཁན་མང་པའི་རྩ་ཁྲིམས་དྲིལ་སྒྲོག་ཇུས་འགོད་དང་རྩ་འཛུགས་བྱེད་པ། ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཡུལ་ཚོ། སྡེ་བ་བཅས་ཀྱི་རིམ་མང་མཉམ་འབྲེལ་སྐུལ་འདེད་གཏོང་བ་དང་། བྱ་འགུལ་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པ་དང་གོ་རིམ་ལྡན་པ་དང་གྲུབ་འབྲས་ལེན་པར་ཁག་ཐེག་བྱས་ནས། རྩ་ཁྲིམས་གཅིག་བསྡུས་སྒོས་དྲིལ་སྒྲོག་བྱེད་པའི་རྣམ་པ་བཟང་བོ་གྲུབ་པར་བྱ་རྒྱུའི་རེ་བ་བཏོན།

རིན་ཆེན་མཚོས་བསྒྱུར།