ཟླ11པའི་ཚེས་20ཉིན། མཚོ་ཤར་གྲོང་ཁྱེར་ཆུ་དོན་ཅུའུ་ཡི་འགན་འཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། “ད་ལོ་ནས་བཟུང་། མཚོ་ཤར་གྲོང་ཁྱེར་གྱིས་ཞིང་སྡེའི་ཆུ་འདོན་ཆུ་འགོ་བརྟན་པོ་མིན་པ་དང་། ཆུ་འདོན་སྒྲིག་ཆས་རྙིང་པར་བཟོ་བཅོས་མ་བྱས་པ་སོགས་ཀྱི་མི་འདང་སར་དམིགས་ནས། རྨང་གཞི་འདིང་བ་དང་ཞན་ཆ་གསབ་པ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། ཞབས་ཞུ་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་ཤུགས་བསྣན་ནས། ཞིང་སྡེའི་ཆུ་འདྲེན་དང་། ཞིང་སྡེའི་ཆུའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ། འཐུང་ཆུའི་བདེ་འཇགས་མཐོར་གཏོང་དང་སྒྱུར་བཀོད་སོགས་ཀྱི་དམངས་ཚིས་བཟོ་སྐྲུན་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཞིང་སྡེའི་འཐུང་ཆུའི་བདེ་འཇགས་ཀྱི་དཀའ་ཁག་སེལ་ཡོད། གྲོང་ཁྱེར་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ95དང་། སྲིད་འཛིན་སྡེ་བ1587དང་ཞིང་སྡེའི་མི་གྲངས་ས་ཡ་གཅིག་དང་འབུམ་གཉིས་ཁྲི་ལྔ་བཅས་ཀྱི་ཞིང་སྡེའི་ཆུ་འདོན་དྲ་བའི་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང་། ཞིང་སྡེའི་གཅིག་བསྡུས་ཆུ་འདོན་བྱེད་ཚད་99.83%ཟིན་ལ། རང་འབབ་ཆུ་ཁྱབ་གདལ་གཏོང་ཚད99.58%ཟིན་ཡོད། ཆུ་མང་ཉུང་དང་། ཆུའི་སྤུས་ཚད། ཆུ་བཀོལ་སྤྱོད་བདེ་ཚད། ཆུ་འདོན་འགན་སྲུང་བྱེད་ཚད་བཅས་ཚང་མ་རྒྱལ་ཁབ་ཀྱི་ཚད་གཞིར་སླེབས་ནས། མང་ཚོགས་ཀྱིས་བློ་བདེ་བའི་ཆུ་དང་སྤུས་ལེགས་པའི་ཆུ་འཐུང་ཐུབ་ཡོད་ཟེར།
ཞིང་སྡེའི་འཐུང་ཆུའི་བདེ་འཇགས་ལ་འགན་སྲུང་བྱ་ཆེད། མཚོ་ཤར་གྲོང་ཁྱེར་གྱིས་ཞིང་སྡེའི་ཆུ་འདོན་དྲ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། “སྦུག་དྲ་སྣུར་སྲིང་གི་ཆུ་འདོན་བཟོ་སྐྲུན་རྒྱ་ཆེར་གཏོང་བ་དང་། ཆུ་འདོན་བཟོ་སྐྲུན་ཆུང་གྲས་སྐོར་ཞིག་གསར་དུ་སྐྲུན་པ། བཟོ་སྐྲུན་རྙིང་པ་དང་སྦུག་དྲ་སྐོར་ཞིག་གསར་བརྗེས་སྒྱུར་བཀོད”སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཞིང་སྡེའི་ཆུ་འདོན་རིམ་སྤོར་ལ་སྐུལ་འདེད་བཏང་། མིག་སྔར། ཞིང་སྡེའི་ཆུ་འདོན་བཟོ་གྲྭ27བཙུགས་ཟིན་པའམ་ཡང་ན་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། མི་འབུམ་བདུན་དང་ཁྲི་གཉིས་ཙམ་ལ་གཞི་ཁྱོན་ཅན་གྱི་ཆུ་འདོན་སྤྲོད་བྱེད་ཐུབ་ཡོད། ཆུའི་སྤུས་ཚད་དང་། ཆུའི་མང་ཉུང་། ཆུ་འདོན་སྤྲོད་འགན་སྲུང་བྱེད་ཚད་བཅས་ཡུན་རིང་བརྟན་པོ་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་སྟེང་། ད་ལོ་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་སྒྱུར་བཀོད་མཐོར་གཏོང་བཟོ་སྐྲུན་སྣ41ལག་བསྟར་བྱས་པ་དང་། མིའི་འཐུང་ཆུའི་བཟོ་སྐྲུན་གྱི་ཆུའི་སྤུས་ཚད་ཀྱི་གནད་དོན93ལེགས་བཅོས་བྱས་པས་མི་འབུམ་གསུམ་དང་ཁྲི་དགུ་སྟོང་དྲུག་ལྔ་བརྒྱར་ཕན་པ་ཐོབ་ཡོད།
དེ་དང་ཆབས་ཅིག ཚན་རིག་དང་མཐུན་ལ་ཕན་འབྲས་ཆེ་བའི་མིའི་འཐུང་ཆུའི་དོ་དམ་སྲུང་སྐྱོབ་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཁྲོམ་ར་ཅན་གྱི་དོ་དམ་བྱེད་སྟངས་འཚོལ་ཞིབ་དང་སྐུལ་འདེད་གཏོང་བ། ཆུའུ་དང་རྫོང་མང་ཆེ་བར་ཀུང་སི་ཅན་གྱི་རྫོང་ཁོངས་གཅིག་གྱུར་དོ་དམ་རིམ་བཞིན་མངོན་འགྱུར་བྱེད་པ། ཞིང་སྡེའི་ཆུ་འདོན་སྤྲོད་ཀྱི“ཆེད་དམིགས་དོ་དམ་དང་མང་ཚོགས་དོ་དམ་ཟུང་དུ་འབྲེལ་བའི”དོ་དམ་བྱེད་སྟངས་དང་། “རྫོང་འཁོར་སྐྱོད་ལྟེ་གནས་དང་། ཆུ་འདོན་ཀུང་སི། ཡུལ་ཚོ་དང་གྲོང་རྡལ་གྱི་ཆུ་འདོན་ས་ཚིགས། ཆུའི་དོ་དམ་པ། ཆུ་སྤྱོད་ཁྱིམ་ཚང”བཅས་ཀྱི་མ་ལག་འཚོལ་ཞིབ་བྱས་ནས་ཆགས་ཡོད་པས། ཞིང་སྡེའི་ཆུ་འདོན་ཞབས་ཞུའི་འགན་སྲུང་ནུས་པ་རིམ་བཞིན་ཆེ་རུ་ཕྱིན་ཡོད། ཞིང་སྡེའི་འཐུང་ཆུའི་བདེ་འཇགས་བཟོ་སྐྲུན་གྱི་ཆུའི་སྤུས་ཚད་ཞིབ་བཤེར་ཚད་ལེན་ལྟེ་གནས6གི་ཆ་ཚང་སྒྲིག་ཆས་བསྐྲུན་པ་དང་། རྒྱུན་རྣམ་ཅན་གྱི་ཆུའི་སྤུས་ཚད་ཞིབ་བཤེར་ཚད་ལེན་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཞིང་སྡེའི་མང་ཚོགས་ལ་བདེ་འཇགས་ཀྱི་ཆུ་འཐུང་དུ་འཇུག་དགོས།
མིག་སྔར། མཚོ་ཤར་གྲོང་ཁྱེར་གྱིས་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཡུལ་བབ་དང་བསྟུན་ནས་གཞི་ཁྱོན་ཅན་གྱི་ཆུའི་བཟོ་གྲྭ་ཆུང་གྲས་འཛུགས་སྐྲུན་བྱེད་པ་དང་། མཁར་གྲོང་གི་ཆུ་འདོན་ཕན་ཚུན་སྦྲེལ་མཐུད་ཀྱི་མ་ལག་ཆགས་པ། ཆུ་འདོན་བཟོ་གྲྭའི་ཆུ་ཁུངས་མི་འདང་བ་དང་། སྙོམས་སྒྲིག་ནུས་པ་ཞན་པ། སྦུག་དྲ་སྐྱོན་ཤོར་ཚད་ཆེ་བ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས། ཧུར་ཐག་གིས་མཁར་གྲོང་གི་ཆུ་འདོན་ཚད་གཞི་དང་། སྤུས་ཚད། ཞབས་ཞུ་བཅས་དང་གཅིག་མཚུངས་ཡོང་བ་བྱ་རྒྱུ་རེད།
ཤ་བོ་རིན་མཚོས་བསྒྱུར།