ཟླ11པའི་ཚེས22ཉིན། ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་པའི་གནས་ཚུལ་ལྟར་ན། ཞིང་ཆེན་ཡོངས་ཀྱི་གནས་ངེས་གཏན་མེད་པའི་བྱིས་པར་སྤུས་ཚད་མཐོ་བའི་ཁེ་དབང་འགན་སྲུང་དང་གཅེས་སྐྱོང་ཞབས་ཞུར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཏང་ཨུའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་སོགས་སྡེ་ཁག22དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱིས་གནས་ངེས་གཏན་མེད་པའི་བྱིས་པར་གཅེས་སྐྱོང་དང་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་ལག་བསྟར་ཇུས་གཞི》པར་འགྲེམས་བྱས།
《ལག་བསྟར་ཇུས་གཞིའི》ནང་། གནས་ངེས་གཏན་མེད་པའི་བྱིས་པ་དང་ཁྱིམ་ཐོ་ས་གནས་ནས་མིན་པའི་བྱིས་པའི་སློབ་གསོ་དང་། སྨན་བཅོས། འཚོ་བ་འགན་སྲུང་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུའི་འདོན་སྤྲོད་ཐད་ཀྱི་ཧེ་བག་རྒྱུན་མཐུད་སྒོས་ཇེ་ཆུང་དུ་གཏོང་བར་དམིགས་ཏེ། གཙོ་གནད་ལས་འགན་སྣ14བཀོད་སྒྲིག་བྱས་པ་མ་ཟད། “བྱིས་པར་སྐྱོང་མཁན་ཡོད་པ་དང་། སློབ་ལ་འཁྲིད་མཁན་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། སྡོད་སའི་ཁང་པ་ཡོད་པ། ཉམས་ཞན་སྐྱོང་མཁན་ཡོད་པ། འཕེལ་རྒྱས་འགན་སྲུང”བཅས་ཕྱོགས6གི་ཞིབ་ཕྲའི་གཅེས་སྐྱོང་ཞབས་ཞུའི་རྣམ་གྲངས21གི“མཚོ་སྔོན་གྱི་གསལ་ཐོ”ཞིབ་ཕྲ་དང་གསེད་བཀྲོལ་བྱས་ནས། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོའི་གནས་ངེས་གཏན་མེད་པའི་བྱིས་པའི་ཁེ་དབང་འགན་སྲུང་དང་གཅེས་སྐྱོང་སྲུང་སྐྱོབ་བྱ་བའི་ཕྱོགས་སྟོན་འདོན་སྤྲོད་བྱས།
《ལག་བསྟར་ཇུས་གཞིའི》ནང་ས་གནས་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་རིམ་པ་སོ་སོའི་གནས་ངེས་གཏན་མེད་པའི་བྱིས་པ་དང་གཞིས་སྲུང་བྱིས་པའི་ཁེ་དབང་འགན་སྲུང་བྱ་བའི་མཐུན་སྦྱོར་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་གཞུང་དང་སློབ་གྲྭ ཁྱིམ་ཚང་། སྡེ་ཁུལ། སྤྱི་ཚོགས་སོགས་རིགས་སོ་སོའི་ཐོན་ཁུངས་སྤྱི་འདོམས་བེད་སྤྱོད་བྱས་ནས་བྱ་བ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མཐིལ་རྟོགས་གྲལ་བཤེར་དང་རྩིས་ཁྲ་བཟོ་བ། ལག་ལེན་དང་འཚོལ་ཞིབ། ཉམས་མྱོང་ཕྱོགས་སྡོམ་བཅས་བྱས་ཏེ། གཅེས་སྐྱོང་དང་སྲུང་སྐྱོབ་ཀྱི་སྤུས་ཚད་མུ་མཐུད་དུ་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། གནས་ངེས་གཏན་མེད་པའི་བྱིས་པར་གཅེས་སྐྱོང་དང་སྲུང་སྐྱོབ་བྱེད་པའི་བྱ་བ་དེ་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་དང་། བྱིས་པའི་མཛའ་མཐུན་གྲོང་ཁྱེར་འཛུགས་སྐྲུན། ན་གཞོན་ལོ་ཆུང་གི་ཁེ་དབང་སྲུང་བའི་ལས་གནས་གསར་འཛུགས་སོགས་ཀྱི་ཁྱབ་ཁོངས་སུ་བཅུག་ནས་གཅིག་གྱུར་གྱིས་སྐུལ་འདེད་བཏང་། སྤྱི་ཚོགས་རྩ་འཛུགས་དང་། དང་བླངས་པ། གཅེས་སེམས་མི་སྣ། གཅེས་སེམས་ཁེ་ལས་བཅས་གནས་ངེས་གཏན་མེད་པའི་བྱིས་པར་གཅེས་སྐྱོང་དང་ཞབས་ཞུའི་ཁྲོད་ཞུགས་པར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་གནས་ངེས་གཏན་མེད་པའི་བྱིས་པར་སེམས་ཁུར་དང་བྱམས་སྐྱོང་བྱེད་པའི་ཁོར་ཡུག་བཟང་པོ་བསྐྲུན།
ཤ་བོ་རིན་མཚོས་བསྒྱུར།