མཚོ་སྔོན་དང་ཅང་ཞི་ཞིང་ཆེན་གྱིས་ཀྲུང་བོད་གསོ་རིག་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་།
2024.11.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ11ཚེས21ཉིན། མཚོ་སྔོན་ཞིང་ཆེན་ཀྲུང་བོད་གསོ་རིག་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཡུས་ཅིན་གྱིས།2022ལོའི་ཟླ7པར། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཅང་ཞི་ཞིང་ཆེན་ཀྲུང་ལུགས་གསོ་རིག་དོ་དམ་ཅུའུ་བར་ཀྲུང་ལུགས་གསོ་རིག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད་དེ། ཞིང་ཆེན་གཉིས་ཀྱི་ཀྲུང་ལུགས་གསོ་རིག་བརྗེ་རེས་མཉམ་ལས་ཀྱི་ལེའུ་གསར་པའི་འགོ་བརྩམས། ལོ་གཉིས་ཀྱི་ནང་དུ། མཚོ་སྔོན་དང་ཅང་ཞི་ཞིང་ཆེན་གཉིས་ཀྱིས་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་དང་། སློབ་གསོ། ཐོན་ལས། ཚན་རིག་ཞིབ་འཇུག། རིག་གནས་སོགས་ཁྱབ་ཁོངས་ལ་དམིགས་ཏེ། ཀྲུང་ལུགས་གསོ་རིག་གི་ཐོན་ཁུངས་ལེགས་སྒྱུར་སྡེབ་སྒྲིག་དང་། དགེ་མཚན་གསབ་རེས་བྱེད་པར་སྐུལ་འདེད་བཏང་ཞིང་། ཁྱབ་ཁོངས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་ཅེས་མཚམས་སྦྱོར་བྱས།

མཚོ་སྔོན་དང་ཅང་ཞི་ཞིང་ཆེན་གྱིས་འཇོན་མིའི་བརྗེ་རེས་རྒྱུ་ལམ་གེགས་མེད་ཡོང་བར་བྱས་ཏེ། ཞིང་ཆེན་གཉིས་ཀྱི་ཀྲུང་ལུགས་གསོ་རིག་ལས་དོན་གྱི་སྔོན་ཐོན་ཉམས་མྱོང་དང་བྱེད་ཐབས་གསར་པའི་ཐད་ནས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔེ་ལྟ་བྱེད་བཞིན་ཡོད། ཅང་ཞི་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེན་མོའི་དཔུང་ཁག་གིས་མཚོ་སྔོན་དུ་ཚ་སྐྱེན་མེ་བཙའི་གསོ་སྦྱོང་འཛིན་གྲྭ་བསྡུས་ཤིང་། ཚ་སྐྱེན་མེ་བཙའི་ལག་རྩལ་མཚོ་སྔོན་གྱི་རིམ་པ་སོ་སོའི་ཀྲུང་བོད་ལུགས་ཀྱི་གསོ་རིག་ལས་ཁུངས་ནས་བཀོལ་སྤྱོད་དང་ཁྱབ་གདལ་དུ་འགྲོ་བར་སྐུལ་འདེད་བཏང་ཞིང་། མཚོ་སྔོན་གྱིས་ཀྲུང་བོད་ལུགས་ཀྱི་རྐང་འཛིན་ལས་བྱེད་པ་ཅང་ཞི་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དུ་སློབ་སྦྱོང་བྱེད་དུ་མངགས་ཏེ། ཚ་སྐྱེན་མེ་བཙའི་བཅོས་ཐབས་གཞུང་ལུགས་དང་ནད་ཐོག་ངོས་འཛིན་བྱ་ཐབས་སོགས་འབྲེལ་ཡོད་ཤེས་བྱ་ཁོང་དུ་ཆུད་པར་བྱས་པ་དང་། རང་ཞིང་གིས་ཅང་ཞི་ཡི་ཚ་སྐྱེན་མེ་བཙའི་མཉམ་འབྲེལ་སྨན་ཁང་གསུམ་གྱི་སྒོ་བྱང་བཀལ།

སྨན་བཅོས་བདེ་ཐང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་བོད་ལུགས་གསོ་རིག་གི་བརྗེ་རེས་ལ་སྐུལ་འདེད་བཏང་། རང་ཞིང་གི་བོད་ལུགས་གསོ་རིག་ཆེད་མཁས་པ་ཅང་ཞི་ཞིང་ཆེན་ཀྲང་ཧྲུའུ་གྲོང་ཁྱེར་དུ་སོང་ནས་བོད་ལུགས་གསོ་རིག་ཕྱི་རུ་ཁྱབ་སྤེལ་བྱེད་པའི་ནད་བརྟག་བརྗེ་རེས་ཀྱི་བྱེད་སྒོ་སྤེལ་ཏེ། ས་གནས་མང་ཚོགས་ལ་བོད་ལུགས་གསོ་རིག་དང་འཚམ་པའི་ལག་རྩལ་གྱི་བརྟག་བཅོས་ཞབས་ཞུ་འདོན་སྤྲོད་བྱས་པར་མ་ཟད། བོད་ལུགས་གསོ་རིག་རིག་གནས་ཁྱབ་སྤེལ་བྱས། སྐབས་དེར། ས་གནས་ཀྱི་ཆེད་མཁས་པ་དང་བོད་ལུགས་གསོ་རིག་གི་རྩ་བརྟག་ཐབས་དང་། ཕྱི་བཅོས་ལག་རྩལ་སོགས་ཀྱི་སྐོར་ནས་བརྗེ་རེས་བྱས་པ་དང་། བོད་ལུགས་གསོ་རིག་དང་འཚམ་པའི་ལག་རྩལ་གསོ་སྦྱོང་སྤེལ།

ཀྲུང་བོད་ལུགས་ཀྱི་གསོ་རིག་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་སྐུལ་འདེད་གཏོང་ཆེད། ད་ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་ཅང་ཞི་ཞིང་ཆེན་དང་ཀྲུང་བོད་ལུགས་ཀྱི་གསོ་རིག་མཉམ་ལས་འཕེལ་རྒྱས་ཀྱི་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་གཉིས་ཀྱིས་ཚན་རིག་ཞིབ་འཇུག་གི་སྟེགས་བུ་འཛུགས་པ་དང་། རིག་ཚན་ཆེད་སྦྱོང་ཚན་ཁག་འཛུགས་པ། དེང་རབས་སྨན་ཁང་དོ་དམ་དང་། མཐོ་སྒང་གསོ་རིག་ཞིབ་འཇུག་སོགས་ཀྱི་ལས་དོན་ལ་དམིགས་ནས། སྟེགས་བུ་མཉམ་འཛུགས་མཉམ་སྤྱོད་དང་། ཐོན་ལས་མཐུན་སྦྱོར་གཏིང་ཟབ་ཏུ་བཏང་། ཉེ་སྔོན། ཅང་ཞི་ཞིང་ཆེན་ཕུའུ་ཀྲིན་གསོ་རིག་ལས་རིགས་དང་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་གིས་མཉམ་འབྲེལ་སྒོས་ནད་ཐོག་སྨན་རྫས་ཚོད་ལྟའི་བྱ་བ་ཞིང་ཆེན་ཀྲུང་ལུགས་སྨན་ཁང་དུ་འགོ་བརྩམས་ཡོད་པས། དེས་རང་ཞིང་གི་ཀྲུང་ལུགས་གསོ་རིག་མ་ལག་གིས་སྨན་ཁང་དང་ཁེ་ལས་མཉམ་འབྲེལ་གྱི་ནད་ཐོག་སྨན་རྫས་ཞིབ་འཇུག་གི་དངོས་གཞིའི་ལག་ལེན་ཐོག་མ་སྤེལ་བ་དང་།  ནག་ཐོག་ཞིབ་འཇུག་བྱ་བར་སྔར་ལས་སྐུལ་འདེད་བཏང་ནས་གྲུབ་འབྲས་ཚུལ་སྒྱུར་བྱེད་པར་ཐབས་ལམ་གསར་པ་ཞིག་བཏོད་པ་མཚོན་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།