2024ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཡུལ་སྐོར་ཉོ་ཚོང་ཚོགས་འདུའི་སྟེང་མཚོ་སྔོན་གྱི་འགྲེམ་སྟོན་ཐོན་རྫས་ཀྱི་ཉོ་ཚོང་ཡོང་འབབ་སྒོར་འབུམ་གཉིས་ལྷག་ལ་སླེབས།
2024.11.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ11པའི་ཚེས24ཉིན། ཉིན་གསུམ་རིང་འཚོགས་པའི2024ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཡུལ་སྐོར་ཉོ་ཚོང་ཚོགས་འདུ་དེ་ཧྲང་ཧེ་རུ་མཇུག་སྒྲིལ། ཚོགས་འདུའི་སྐབས། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ཞིང་ཆེན་ནང་ཁུལ་གྱི་རིག་གནས་ཡུལ་སྐོར་སྡེ་ཁག་དང་ཁེ་ལས་ཉི་ཤུ་ལྷག་རྩ་འཛུགས་བྱས་ནས་རིག་གནས་ཡུལ་སྐོར་ཚོང་རྫས་རིགས་སྟོང་གཅིག་ལྷག་འགྲེམ་སྟོན་ལ་ཞུགས་པ་དང་། འོས་སྦྱོར་བྱ་འགུལ་དང་སྲིད་ཇུས་སྒྲོག་འགྲེལ། ཡུལ་དངོས་ཀྱི་སྐོར་སྐྱོད་ཚོང་གཏམ་ཉོ་ཚོང་སོགས་བྱ་འགུལ་སྣ་མང་སྤེལ་བར་བརྟེན་ནས། ཕྱོགས་ཡོངས་ནས་མཚོ་སྔོན་གྱི་རང་བྱུང་མཛེས་པ་དང་སྣ་མང་རིག་གནས་མངོན་པར་བྱས་ཤིང་། རིག་གནས་ཡུལ་སྐོར་དང་ཁེ་ལས་ཀྱིས་མཉམ་ལས་བྱེད་པ་དང་ཁྲོམ་ར་རྒྱ་བསྐྱེད་པར་གར་སྟེགས་ཆེན་པོ་བསྐྲུན། རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས་མཚོ་སྔོན་འགྲེམ་སྟོན་ཁུལ་ལ་ཕུལ་བྱུང་རྩ་འཛུགས་བྱ་དགའ་དང་ཕུལ་བྱུང་འགྲེམ་སྟོན་སྟེགས་བུའི་བྱ་དགའ་སྤྲད།

མཚོ་སྔོན་འགྲེམ་ཁུལ་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ135ཡོད་ལ། རི་ཆུའི་འགོ་ཁུངས། རབ་མཛེས་མཚོ་སྔོན་ཞེས་པ་བརྗོད་དོན་བྱས་ནས། གཟུགས་འདས་རིག་གནས་ཤུལ་བཞག་ཐོན་རྫས་འགྲེམ་སྟོན་ཁུལ་དང་རིག་དངོས་ཐོན་རྫས་འགྲེམ་སྟོན་ཁུལ། ཡུལ་སྐོར་ཚོང་རྫས་འགྲེམ་སྟོན་ཁུལ། ས་ཁུལ་གྱི་ཁྱད་ཆོས་བཅས་བཀོད་སྒྲིག་བྱས་ཤིང་། དཔེ་རིས་འགྲེམ་སྟོན་དང་། ཚོང་རྫས་འགྲེམ་ཚོང་། བློ་འདྲི་རྩད་ཞིབ། ཐོན་རྫས་རོལ་མྱོང་སོགས་བྱེད་ཐབས་སྣ་མང་བརྒྱུད་དེ། ཚོང་བ་དང་ཡུལ་སྐོར་པ། གྲོང་མི་མང་པོ་ཡོང་ནས་བློ་འདྲི་ལྟ་སྐོར་བྱེད་པ་དང་། ལྟད་མོ་པས་འགྲེམ་སྟོན་གྱི་ནང་དོན་ལ་རྒྱུས་ལོན་ཞིབ་མོ་བྱེད་པར་མ་ཟད། ཁ་པར་གྱིས་བརྙན་ཕབ་ནས་ཟིན་ཐོ་འགོད་པ་དང་མཉམ་སྤྱོད་བྱེད་པ། སྐད་འཕྲིན་སྤྱི་སྟེགས་དང་འདར་དབྱངས་སོགས་སྨྱན་བྱད་གསར་བའི་འཕྲིན་སྟེགས་ལ་དོ་ཁུར་བྱས་ཏེ། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་དྲིལ་སྒྲོག་རྒྱུ་ཆ་དང་དྲན་རྟེན་ལེན་ཐུབ་པས། ཡུལ་དངོས་རྣམ་པ་ཧ་ཅང་ཟང་ཟིང་རེད།

འགྲེམ་སྟོན་བྱེད་སྐབས། མཚོ་སྔོན་འགྲེམ་ཁུལ་གྱིས་འགྲུལ་བ་མི་ཐེངས་ཁྲི་བཞི་ལྷག་སྣེ་ལེན་བྱས་པ་དང་། དྲིལ་སྒྲོག་རྒྱུ་ཆ་དང་དྲན་རྟེན་རིགས་མི་འདྲ་བ་ཁྲི་གསུམ་ལྷག་བཀྲམ་ཞིང་། འགྲེམ་སྟོན་ལ་ཞུགས་པའི་ཐོན་རྫས་ཉོ་ཚོང་ཡོང་འབབ་སྒོར་འབུམ་གཉིས་ལྷག་ལ་སླེབས་པ་དང་། ཡུལ་དངོས་ཚོང་གཏམ་ཉོ་ཚོང་དང་རྒྱལ་ཕྱི་ནང་གི་སྐོར་སྐྱོད་ཚོང་བའི་བར་མཉམ་ལས་ཡིག་ཆ་བཞི་བཅུ་ལྷག་བཀོད། ཀྲུང་གོའི་ཡུལ་སྐོར་ཚགས་པར་དང་ཀྲུང་གོའི་གསར་འགྱུར་དྲ་བ། མཚོ་སྔོན་ཉིན་རེའི་ཚགས་པར། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་ཞིང་ཆེན་ཕྱི་ནང་གི་སྨྱན་བྱད་ལས་ཁུངས་བཅུ་ལྷག་གིས་བཅར་འདྲི་དང་གནས་ཚུལ་སྒྲོག་སྤེལ་བྱས་ཏེ། རི་ཆུའི་འགོ་ཁུངས། རབ་མཛེས་མཚོ་སྔོན་ཞེས་པའི་ཤུགས་རྐྱེན་ཐེབས་ཚད་ཇེ་ཆེ་དང་སྙན་གྲགས་རྒྱས་པར་བྱས།

ལྷ་མོ་འཚོས་བསྒྱུར།