ཟླ11ཚེས28ཉིན། སྐབས་ཉེར་གཅིག་པའི་ཀྲུང་གོའི་རྒྱལ་སྤྱིའི་ཞིང་ཞོར་ཐོན་རྫས་ཉོ་ཚོང་འདུ་ཚོགས་ཀོང་ཏུང་ཞིང་ཆེན་ཀོང་ཀྲུའུ་གྲོང་ཁྱེར་དུ་མགོ་བརྩམས་པ་དང་། མཚོ་སྔོན་གྱི་ཁེ་ལས67དང་འབྲེལ་ཡོད་ཐོན་ལས11བཅས་བསྡོམས་པས་ཐོན་རྫས་རིགས་སྣ400ལྷག་འགྲེམ་ཚོགས་ལ་ཞུགས་ཡོད་པས། དག་གཙང་མཚོ་སྔོན། མཐོ་སྒང་ཁྱད་ནོར་ཞེས་པའི་མཚོ་སྔོན་གྱི་ཞིང་ཕྱུགས་ལས་རིགས་ཀྱི་ཚོང་རྟགས་སྣང་བརྙན་ཀོང་ཀྲུའུ་མེ་ཏོག་གྲོང་ནས་རྣམ་པར་བཞད།
ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཆ་བསྐྲུན་པའི་ལས་འགན་གལ་ཆེན་དམིགས་སུ་བཟུང་སྟེ། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤུས་འདེགས། ཐོན་འབོར་བརྟན་པོ། ཕྲེང་འབྲེལ་གསབ་སྤྲོད། ཕྱིར་གཏོང་རྒྱ་སྐྱེད་བཅས་ཐབས་ལམ་དུ་བྱས་ནས། དག་གཙང་མཚོ་སྔོན། མཐོ་སྒང་ཁྱད་ནོར་ཞེས་པའི་ཞིང་ཕྱུགས་ལས་རིགས་ཁུལ་ཁོངས་ཀྱི་སྤྱི་སྤྱོད་ཚོང་རྟགས་ཡོངས་ཁྱབ་ཏུ་འགྱུར་བར་ནུས་ཤུགས་གཅིག་སྡུད་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་རྒྱུ་ལམ་ཕྱོགས་ཡོངས་ནས་རྒྱ་བསྐྱེད་ནས། སྔར་ལས་མང་ཞིང་སྔར་ལས་བཟང་བའི་མཐོ་སྒང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་མཚོ་སྔོན་ནས་རྒྱལ་ཡོངས་སུ་ཁྱབ་པར་འབད་འབུངས་བྱས། ཐེངས་འདིའི་ཞིང་ཞོར་ཐོན་རྫས་འདུ་ཚོགས་ཀྱི་འགྲེམ་ཞུགས་ལས་དོན་ཡག་པོར་བསྒྲུབ་ཆེད། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་གོང་འོག་རིམ་པ་བཞིན་དང་། ཡིད་འཐད་ཐོ་འགོད་བྱེད་པ། གྲོང་ཁྱེར་དང་ཁུལ་གྱིས་འོས་སྦྱོར་བྱེད་པ། ཁུལ་ཁོངས་ཡོངས་ཁྱབ་བཅས་ཀྱི་རྩ་དོན་ལྟར། རང་ཞིང་གི་ནོར་གནག་དང་། བོད་ལུག་སོགས་ཁྱད་ལྡན་དགེ་མཚན་གྱི་ཞིང་ཕྱུགས་ཐོན་ལས་བཅུ་གཅིག་དང་། འཐུས་ཚབ་རང་བཞིན་གྱི་ཁེ་ལས་དང་མཉམ་ལས་ཁང་ཚགས་འདེམ་བྱས་ནས་འདུ་ཚོགས་ལ་ཞུགས་སུ་བཅུག་པ་དང་། འགྲེམ་ཞུགས་ཁེ་ལས་དང་དེའི་འགྲེམ་ཞུགས་ཐོན་རྫས་ལ་ཞིབ་བཤེར་ནན་མོ་བྱས།
ཐེངས་འདིའི་མཚོ་སྔོན་གྱི་འགྲེམ་ཁུལ་དེ་མཚོ་སྔོན་ཕྱོགས་བསྡུས་འགྲེམ་ཁང་དང་། ལྗང་མདོག་སྐྱེ་ལྡན་ས་རྟགས་འགྲེམ་ཁུལ་སོགས་ཀྱིས་གྲུབ་ཡོད་ལ། འགྲེམ་ཁུལ་གྱིས་དེང་རབས་ཅན་གྱི་ཞིང་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་སྟེ། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་གཏོང་ཞེས་པ་བརྗོད་དོན་དུ་བཟུང་ཞིང་། མཚོ་སྔོན་གྱི་ཁྱད་ལྡན་དགེ་མཚན་ཐོན་ཁུངས་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཆ་བསྐྲུན་པའི་གྲུབ་འབྲས་གཅིག་སྡུས་འགྲེམ་སྟོན་བྱེད་པ། ནུས་ཤུགས་གཅིག་སྡུས་ཀྱིས་མཚོ་སྔོན་གྱི་ཚོང་རྟགས་བཀོད་པའི་ཞིང་ཕྱུགས་ཐོན་རྫས་དྲིལ་སྒྲོག་བྱས་ནས། སྔར་ལས་མང་བའི་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཐུབ་པར་རོགས་འདེགས་བྱ་རྒྱུ་གཙོ་གནད་དུ་བཟུང་ཡོད།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཞིང་ཞོར་ཐོན་རྫས་ཉོ་ཚོང་འདུ་ཚོགས་ཀྱི་དུས་ཡུན་ཉིན་བཞི་ཡིན་ལ། སྐབས་དེར། རང་ཞིང་གི་འགྲེམ་ཞུགས་ཁེ་ལས་ཀྱིས་གཅིག་སྡུས་འགྲེམ་སྟོན་དང་། ཡུལ་དངོས་མཚམས་སྦྱོར། ཚོང་རྟགས་དྲིལ་སྒྲོག་སོགས་ཀྱི་བྱེད་ཐབས་བརྒྱུད། སྤུས་ལེགས་ཁྱད་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་དྲིལ་སྒྲོག་ཁྱབ་སྤེལ་བྱ་རྒྱུ་རེད། དུས་མཉམ་དུ། མཚོ་སྔོན་འགྲེམ་ཚོགས་ཀྱིས་འཚོང་སྡུད་སྦྲེལ་མཐུད་བྱ་བའི་བཞུགས་མོལ་ཚོགས་འདུ་དང་དྲིལ་སྒྲོག་ཁྱབ་སྤེལ་གྱི་ཆེད་དོན་ཚོགས་ར་བཙུགས་ཏེ། རང་ཞིང་གི་ཞིང་ཕྱུགས་ཁེ་ལས་ལ་འབྲེལ་ཟམ་བསྐྲུན་རྒྱུ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།