ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གི་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་བྱ་བ་ཁྱབ་བསྒྲགས་བྱས།
2024.12.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ11པའི་ཚེས29ཉིན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གི་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་མ་ཟད། མི་དམངས་ཁྲིམས་ཁང་གི་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་གི་དཔེ་མཚོན་གྱོད་གཞི་བཞི་ཁྱབ་བསྒྲགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གི་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་བྱ་བའི་ཁྲོད་ཀྱི་ཉམས་མྱོང་དང་བྱེད་ཐབས་དྲིལ་སྒྲོག་བྱས།

ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཞི་ཅིན་ཕིང་གི་བཅའ་ཁྲིམས་དགོངས་པ་ལག་བསྟར་ཟབ་མོ་བྱས་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། སུས་བཅའ་ཁྲིམས་ལག་བསྟར་བྱས་ན་སུས་བཅའ་ཁྲིམས་ཁྱབ་གདལ་བྱེད་པའི་འགན་འཁྲི་ལམ་ལུགས་ལག་བསྟར་ནན་མོ་བྱས་ལ། འདྲི་གཅོད་ལག་བསྟར་དང་ཞུ་གཏུག་ཞབས་ཞུའི་བརྒྱུད་རིམ་དེ་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་གི་བརྒྱུད་རིམ་དུ་བསྒྱུར་ནས། ཁྲིམས་སྐྱོང་མཚོ་སྔོན་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་།

ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གིས་ནམ་ཡང་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་དེ་བཅའ་ཁྲིམས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་འགན་གལ་ཆེན་དུ་བརྩིས་པ་དང་། རྒྱ་ཆེའི་ཉེན་རྟོག་པ་རྩ་འཛུགས་བྱས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱས་ཏེ། བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་གི་ཆབ་སྲིད་ཁ་ཕྱོགས་ཇེ་བརྟན་དུ་བཏང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་དང་འབྲེལ་བའི་བཅའ་ཁྲིམས་ཁྲིམས་སྲོལ་དང་དཔེ་མཚོན་གྱོད་གཞི་གཙིགས་སུ་བཟུང་བ་དང་། གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་བྱས་ལ།  བཅའ་ཁྲིམས་ཤེས་བྱ་གཞིས་ཁུལ་དང་སློབ་ར། ཞིང་སྡེ། འབྲོག་ཁུལ་དུ་སྐྱེལ་ནས། བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་གི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་རྒྱུན་མ་ཆད་པར་ཇེ་དྲག་ཏུ་བཏང་། ཁྲིམས་ཁང་རང་གི་ཐབས་ལམ་དང་སྤྱི་ཚོགས་སྨྱན་བྱད་མཉམ་བསྲེས་མཐོན་པོ་བྱེད་པའི་རྣམ་པ་སྤྱད་དེ། རྣམ་པ་གསར་སྐྲུན་དང་འདྲེན་བྱེད་རྒྱ་སྐྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པར་བརྟེན་ནས་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་བྱས་ནས། བཅའ་ཁྲིམས་ཁྱབ་གདལ་བརྒྱུད་སྒྲོག་ལས་ཆོད་དང་སྤྱི་ཚོགས་ཀྱི་ཤན་ཤུགས་མཐོར་འདེགས་བཏང་།

ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་ལག་བསྟར་འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གསར་འགྱུར་སྨྱན་བྱད་བར་གྱི་བརྗེ་རེས་མཉམ་ལས་དང་བརྗེ་རེས་བཟང་བོར་སྔར་ལས་ཤུགས་སྣོན་པ། ཁྲིམས་ཁང་གི་བྱ་བ་དང་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་གཉིས་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཡོངས་སུ་བཅའ་ཁྲིམས་བརྩི་སྲུང་བྱེད་པ་དང་བཅའ་ཁྲིམས་སློབ་སྦྱོང་བྱེད་པ། བཅའ་ཁྲིམས་བཀོལ་སྤྱོད་བྱེད་པའི་སྣང་ཚུལ་གྲུབ་པར་བྱས་ནས། བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན། ཡིད་རྟོན་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་དང་ལྡན་པའི་ཁྲིམས་སྐྱོང་གི་འདེགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།