རང་རྒྱལ་གྱི་ཚོང་ལས་མཁའ་སྐྱོད་འཕེན་ར་ཐོག་མ་དེས་མེ་ཤུགས་འཕུར་མདའ་གསར་པའི་འཕུར་ཐེངས་དང་པོ་ཡོངས་འགྲུབ་བྱས།
2024.12.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ11པའི་ཚེས30ཉིན། ཧའེ་ནན་གྱི་ཚོང་ལས་མཁའ་སྐྱོད་འཕེན་རས་འཕེན་གཏོང་ལས་འགན་ཐོག་མ་ཡོངས་འགྲུབ་བྱས་པ་དང་། རྣམ་པ་གསར་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་རྒྱང་སྐྱོད་ཨང་བཅུ་གཉིས་པ་འཕེན་གཏོང་ལེགས་འགྲུབ་བྱུང་། ད་ཐེངས་འཕེན་གཏོང་བྱས་པ་དེས“ཐེངས་དང་པོ”གང་མང་ཞིག་མངོན་འགྱུར་བྱུང་བར་མ་ཟད། རང་རྒྱལ་ལ་ཚོང་ལས་ཀྱི་མཁའ་སྐྱོད་འཕེན་ར་མེད་པའི་སྟོང་ཆ་བསྐངས།

ཟླ11པའི་ཚེས30ཉིན་གྱི་དགོང་མོའི་དུས་ཚོད་བཅུ་དང་སྐར་མ་ཉེར་ལྔའི་སྟེང་དུ། རང་རྒྱལ་གྱི་རྣམ་པ་གསར་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རྒྱང་སྐྱོད་ཨང་བཅུ་གཉིས་པ་དེ་ཧའེ་ནན་ཚོང་ལས་མཁའ་སྐྱོད་འཕེན་ར་ནས་འཕེན་གཏོང་བྱས།  དུས་ཡུན་སྐར་མ23རིང་ལ་འཕུར་སྐྱོད་བྱས་པ་བརྒྱུད། གཞི་ནས་མེ་ཤུགས་འཕུར་མདས་བདེ་བླག་ངང་འཁོར་སྐར་དྲ་སྦྲེལ་ལག་རྩལ་ཚོད་ལྟའི་སྲུང་སྐར་དང་ལག་རྩལ་ཚོད་ལྟའི་སྲུང་སྐར03སྔོན་ལ་གཏན་འཁེལ་བྱས་ཡོད་པའི་འཁོར་ལམ་དུ་བསྐྱལ།

འཕེན་གཏོང་ཐོག་མ་ལེགས་འགྲུབ་བྱུང་བའི་རྒྱང་སྐྱོད་ཨང་བཅུ་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་རིང་ཚད་ཧ་ལམ་སྨི་རེ་གཉིས་ཡོད་པ་དང་། དེ་ནི་མིག་སྔར་རང་རྒྱལ་གྱི་སྐྱེལ་འདྲེན་ནུས་པ་ཆེས་ཆེ་བའི་སྙིང་དབུས་རྐྱང་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཞིག་ཡིན་ཞིང་། ཐག་ཉེ་སའི་འཁོར་ལམ་གྱི་སྐྱེལ་འདྲེན་ནུས་པ་ཏུན12ལས་མི་ཉུང་བ་དང་། སྤྱི་ལེ700ཡི་ཉི་མའི་མཉམ་བགྲོད་འཁོར་ལམ་གྱི་སྐྱེལ་འདྲེན་ནུས་པ་ཏུན6ལས་མི་ཉུང་བ་ཡོད། མེ་ཤུགས་འཕུར་མདས་འབུད་རྫས་གསར་པ་དང་སྒུལ་བྱེད་འཕྲུལ་འཁོར་གསར་པ་སྤྱད་དེ་རང་རྒྱལ་གྱིས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་ཁྱབ་ཁོངས་སུ“ཐོག་མར་སྤྱོད་པ”གང་མང་ཞིག་མངོན་འགྱུར་བྱུང་བ་དང་། སྲུང་སྐར་རྐྱང་པ་དང་སྲུང་སྐར་མང་པོའི་འཁོར་ལམ་མི་འདྲ་བའི་འཕེན་གཏོང་ལས་འགན་ཡང་ཡོངས་འགྲུབ་བྱས་ཡོད།

ཧའེ་ནན་གྱི་ཚོང་ལས་མཁའ་སྐྱོད་ཀྱི་འཕེན་ར་ནི་རང་རྒྱལ་གྱི་ཚོང་ལས་མཁའ་སྐྱོད་ཀྱི་འཕེན་ར་ཐོག་མ་ཡིན། འཆར་གཞི་ལྟར་ན། ཧའེ་ནན་གྱི་ཚོང་ལས་མཁའ་སྐྱོད་འཕེན་རས་ལོ་འདིའི་ནང་ལ་ད་དུང་རྒྱང་སྐྱོད་ཨང་བརྒྱད་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་བྱེད་པའི་ལས་འགན་བསྒྲུབ་རྒྱུ་ཡིན་པ་དང་། ལེགས་འགྲུབ་བྱུང་བ་ཡིན་ན་རང་རྒྱལ་གྱི་ཚོང་ལས་འཇིག་རྟེན་མཁའ་སྐྱོད་འཕེན་ར་ཐོག་མ་འདི་ལ་ལས་ཀ་གཉིས་ལྡན་གྱི་འཕེན་གཏོང་བྱེད་ནུས་ལྡན་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།