ཟླ11པའི་ཚེས29ཉིན། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་འགན་ཁུར་མི་སྣས། མིག་སྔར། དཔའ་ལུང་རྫོང་གི་ཞིང་ཆེན་དོ་དམ་གྱི་ས་ངོས་ཆུ་བརྟག་འཇལ་ཁྱབ་ཁོངས་ཀྱི་ཆུའི་སྤུས་ཚད་རིགས་གསུམ་པའི་གྲས་སུ་སླེབས་པ་དང་། གྲོང་ཁྱེར་དོ་དམ་གྱི་ས་ངོས་ཆུའི་བརྟག་འཇལ་ཁྱབ་ཁོངས་ཀྱི་ཆུའི་སྤུས་ཚད་རིགས་སགསུམ་པའི་གྲས་སུ་སླེབས་ཤིང་། རྫོང་ཁོངས་ཐུན་མོང་འཐུང་ཆུའི་ཆུ་ཁུངས་དང་། འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་ཆ་སྙོམ་གྱིས་རིགས་གསུམ་པར་སླེབས་པར་མ་ཟད་དེ་ལས་བཟང་བར་གྱུར་ཏེ། བརྒྱ་ཆའི་བརྒྱའི་ཚད་གཞིར་སླེབས་ཡོད་པས། རྨ་ཆུའི་ཆུ་ལག་གི་དཔའ་ལུང་ས་ཆའི་ཆུའི་སྤུས་ཚད་ཀྱིས་རིགས་གཉིས་པའི་ཡན་སྲུང་འཛིན་བྱས་ཡོད་ཅེས་མཚམས་སྦྱོར་བྱས།
ད་ལོའི་ཚུན་དུ། དཔའ་ལུང་རྫོང་གིས་གཙང་དཔོན་ལམ་ལུགས་གཙོར་བཟུང་ཞིང་། རྨ་ཆུའི་བཞུར་རྒྱུན་གྱི་ཆུའི་སྐྱེ་ཁམས་ཉམས་གསོ་ཐད་ཀྱི་འགོ་ཁུངས་འགན་འཁྲི་ཕྲག་ཏུ་ཁུར་ཏེ། སྐྱེ་ཁམས་རྒྱུ་རྐྱེན་གཅིག་འདོམས་ཀྱིས་མ་ལག་རང་བཞིན་གྱི་བཅོས་སྐྱོང་བྱས་ཤིང་། རི་ཆུ་ནགས་ཞིང་དང་། མཚེའུ་དང་རྩྭ་སའི་ཐོན་ཁུངས་སྡེབ་སྒྲིག་བྱ་བ་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱས་ནས། བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། རྨ་ཆུའི་བཞུར་རྒྱུན་གྱི་བཙོག་འབྱེད་འབུད་སྒོ་ང་དྲུག་ལ་ཞིབ་བཤེར་དང་ལྟ་ཞིབ། ཁུངས་འདེད། དག་ཐེག་བཅས་བྱེད་པའི་བྱ་བ་ནན་ཏན་གྱིས་སྤེལ་ཏེ། བཙོག་འབྱེད་འབུད་སྒོའི་བཙོག་དངོས་ཕྱིར་གཏོང་བྱ་བར་ཚོད་འཛིན་དང་དོ་དམ་ནུས་ལྡན་བྱས།
དུས་མཉམ་དུ། ཆུ་ཁོངས་འགྲམ་ངོགས་ཀྱི་བཙོག་སྐྱོན་འགོག་བཅོས་བྱ་བར་དམིགས་ཏེ། གཙང་བོ་དང་མཚེའུ། ཆུ་མཛོད་སོགས་ཀྱི་ཆུ་ཁར་གཡེང་པའི་གད་སྙིགས་གཙང་སེལ་གྱི་ཆེད་དོན་འགུལ་སྐྱོད་རྒྱུན་རྣམ་ཅན་སྤེལ་ཏེ། ཆུ་གློག་ཆུ་མཛོད་ཁུལ་དྲུག་དང་རྫོང་གི་དོ་དམ་ཁྱབ་ཁོངས་ཀྱི་ཆུ་མཛོད་བཞི་བཅས་ཀྱི་ཆུ་ངོས་སུ་གཡེང་བའི་གད་སྙིགས་གཙང་སེལ་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།