རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས2024ལོར་ངེས་པར་དུ“བྱང་གསུམ” བཟོ་སྐྲུན་འཛུགས་སྐྲུན་བྱེད་འགོ་རྩོམ་དགོས་པའི་བྱེ་བྲག་གི་བླང་བྱ་ལྟར། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་གཙོ་གནད་ལས་འགན་དང་དུས་ཚོད་ཀྱི་མཚམས་ཚིགས་སྔར་ལས་གསལ་བོ་བཟོས་ཏེ། མིག་སྔའི་བར་རྒྱལ་བུན་ལས་གཞི23དང་ཀྲུང་དབྱང་ནོར་སྲིད་ཀྱི་ལས་གཞི4ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་བརྩམས།
ལོ་མང་པོའི་རིང་ཞིང་ཆེན་ཡོངས་ཀྱི་བཟོ་སྐྲུན་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་དཀའ་སྤྱད་འབད་འཐབ་དང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སྔ་རྗེས་སུ་དུས་ཐེངས་དང་པོ་དང་། དུས་ཐེངས་གཉིས་པ། དུས་ཐེངས་གསུམ་པ། དུས་ཐེངས་བཞི་པ། དུས་ཐེངས་ལྔ་པ་བཅས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱས་བ་དང་། དུས་ཐེངས་དྲུག་པའི་བཟོ་སྐྲུན་བརྟན་བརླིང་ངང་སྤེལ་བཞིན་ཡོད།
མཚོ་སྔོན་གྱི“བྱང་གསུམ”བཟོ་སྐྲུན་གྱི་དུས་ཐེངས་དྲུག་པའི་འཛུགས་སྐྲུན་ཁུལ་དེ་ཟི་ལིང་དང་། མཚོ་ཤར། མཚོ་བྱང་། མཚོ་ལྷོ། མཚོ་ནུབ། རྨ་ལྷོ་བཅས་གྲོང་ཁྱེར6དང་འབྲེལ་བའི་རྫོང31གི་རྒྱལ་ཁབ་ས་ཆའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གསུམ་ཁྲི་ལྔ་ལྷག་ཟིན་ཡོད། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”རིང་ཞིང་ཆེན་ཡོངས་ཀྱིས་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ་དང་བྱེ་འགྱུར་ས་ཆའི་བཀག་སྡོམ་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱས་པ་དང་། གཞི་ཁྱོན་ཅན་གྱི་བྱེ་འགོག་བྱེ་བཅོས་དང་ས་ཆུ་སྲུང་འཛིན་གྱི་འབབ་རྒྱུད་ཆུང་བའི་ཕྱོགས་བསྡུས་བཅོས་སྐྱོང་སོགས་གཙོ་གནད་ལས་གཞི་ལག་བསྟར་བྱས་ཏེ། བྱེ་འགྱུར་ས་ཆའི་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་བྱེ་རླུང་ཁུལ་དུ་ལྗང་མདོག་སྲུང་ཡོལ་བསྐྲུན། དེའི་ནང་ཚྭ་འདམ་གཤོངས་དང་གཙང་གསུམ་འབྱུང་ཡུལ་གྱི་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་སྤྱིའི་ཆ་ནས་ཇེ་ཆུང་དུ་བཏང་བ་དང་། བྱེ་མ་ཅན་དུ་འགྱུར་ཚད་ཇེ་དམའ་རུ་བཏང་བ། གུང་ཧོ་གཤོངས་ས་དང་མཚོ་སྐོར་ས་ཁུལ་གྱི་བྱེ་མ་ཅན་དུ་འགྱུར་ཚད་རྒྱུན་མཐུད་ངང་ཇེ་དམའ་རུ་བཏང་ཡོད།
ཤེས་རྟོགས་བྱུང་བ་ལྟར་ན། 2024ལོར་རྒྱལ་བུན་མ་དངུལ་དང་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་བརྒྱུད་དེ་རང་ཞིང་གི“བྱང་གསུམ”སོགས་གཙོ་གནད་བཟོ་སྐྲུན་ལས་གཞི་27གཤམ་སྤྲོད་བྱས་པར་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་ལྷག་བཏང་། རྒྱལ་བུན་ལས་གཞི་དེ་ཟླ10པའི་ཟླ་མཇུག་གི་སྔོན་ལ་ཕྱོགས་ཡོངས་ནས་ལས་འགོ་རྩོམ་པ་དང་། ཟླ12པའི་ཟླ་མཇུག་གི་སྔོན་ལ་བཟོ་སྐྲུན་གྱི་གྲངས་འབོར་གྲུབ་པ་དང་འབྲེལ་བཟོ་སྐྲུན་གྱི་མྱུར་ཚད་ལྟར་མ་དངུལ་གཏོང་སྤྲོད་བྱེད་པ་ཇེ་མགྱོགས་སུ་བཏང་བ་དང་། ཀྲུང་དབྱང་ནོར་སྲིད་ལས་གཞི་དེ་ཟླ12པའི་ཟླ་མཇུག་གི་སྔོན་ལ་དུས་འགོའི་བྱ་བ་ལེགས་སྒྲུབ་བྱེད་པ་དང་འབྲེལ2025ལོར་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་བའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་སྟེ། ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་ས་གནས་ཁག་གི་ནགས་ཚལ་དང་རྩྭ་ཐང་སྡེ་ཁག་ལ་དམིགས་འབེན་ལས་འགན་དེར་དམ་པོར་དམིགས་པ་དང་། མ་དངུལ་གཏོང་བའི་འཆར་གཞི་བཟོ་བ། བྱ་བའི་ལས་ཆོད་ཆེ་རུ་གཏོང་བ་བཅས་བྱས་ཏེ། བཟོ་སྐྲུན་གྱི་འཕེལ་རིམ་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས་ལོ་འཁོར་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས་པའི་བླང་བྱ་བཏོན།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།