མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་རྒྱལ་ཁབ་རྒྱུན་བསྲིང་འཕེལ་རྒྱས་གྲོས་རིམ་གྱི་གསར་གཏོད་དཔེ་སྟོན་ཁུལ་གྱི་འཕེལ་ཚད་རྒྱལ་ཡོངས་ཀྱི་དཔེ་སྟོན་ཁུལ་བཅུ་གཅིག་ཁྲོད་ནས་ཨང་དང་པོར་སླེབས།
2024.12.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཟླ11པའི་ཚེས29ཉིན། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། སྔོན་ཏག་ཏག་ལ་ཀྲུང་གོའི་དུས་རབས་ཉེར་གཅིག་པའི་གྲོས་རིམ་དོ་དམ་ལྟེ་གནས་ཀྱིས་ཧྲིན་ཀྲིན་དུ་རྒྱལ་ཁབ་རྒྱུན་བསྲིང་འཕེལ་རྒྱས་གྲོས་རིམ་གྱི་གསར་གཏོད་དཔེ་སྟོན་ཁུལ་གྱི2024ལོའི་ལོ་ཧྲིལ་བོའི་སྙན་ཞུ་ཁྱབ་བསྒྲགས་བྱས་པ་དང་། དཔེ་སྟོན་ཁུལ་བཅུ་གཅིག་གི2023ལོའི་བྱ་བ་སྤེལ་བའི་གནས་ཚུལ་དང་ཚན་རྩལ་པུའུ་ཡི་ལྟ་ཞིབ་གཞིར་བཟུང་ནས། དཔེ་སྟོན་ཁུལ་གྱི་འཕེལ་ཚད་དང་རྒྱུན་བསྲིང་འཕེལ་རྒྱས་ཀྱི་སྟོན་གྲངས་ཀྱི་ཟུར་ངོས་ནས་དཔེ་སྟོན་ཁུལ་གྱི་དཔྱད་འཇོག་དམིགས་ཚད་མ་ལག་བཙུགས་ཏེ། ཆེ་ཕྱོགས་དང་ཚད་འབེབས་སྒོས་དཔེ་སྟོན་ཁུལ་སོ་སོའི་བྱ་བ་སྤེལ་བའི་གནས་ཚུལ་ལ་གདེང་འཇོག་བྱས། དེའི་ཁྲོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་རྒྱལ་ཡོངས་ཀྱི་རྒྱལ་ཁབ་རྒྱུན་བསྲིང་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་བཅུ་གཅིག་གི་འཕེལ་ཚད་གདེང་འཇོག་ཁྲོད་སྤྱི་ཁོག་གི་གནས་ཚུལ་དང་བྱ་བ་བསྒྲུབ་པ་གཉིས་ཐད་ནས་ཨང་དང་པོ་ཐོབ།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ལྷོ་ཁུལ་གྱིས་རྒྱལ་ཁབ་རྒྱུན་བསྲིང་འཕེལ་རྒྱས་གྲོས་རིམ་ཀྱི་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་རྒྱུའི་ཆོག་མཆན་ཐོབ་པའི་ཚུན་དུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་ལ་དམིགས་ནས། ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་གསར་བ་དང་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་མཐོར་འདེགས། སྐྱེ་ཁམས་ཞིང་ཕྱུགས་ལས་ལྗང་མདོག་འཕེལ་རྒྱས། དཔལ་འབྱོར་གྱི་འཕར་སྣོན་གནས་གསར་བ་སྐྱེད་སྲིང་བྱེད་པ། སྐྱེ་ཁམས་རིག་གནས་ཡུལ་སྐོར་དམངས་ཕན་སོགས་འགུལ་སྐྱོད་ཆེན་པོ་ལྔ་བརྟན་བརླིང་ངང་སྤེལ་བ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱུན་བསྲིང་འཕེལ་རྒྱས་ཀྱི་སྐུལ་སྤེལ་སྲོལ་ཡིག་གི་མ་ཟིན་བཀོལ་ནས། མཚོ་ལྷོ་ཁུལ་གྱི་རྒྱུན་བསྲིང་འཕེལ་རྒྱས་ཐད་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱས།

ལོ་ཧྲིལ་བོའི་ལྟ་ཞིབ་སྙན་ཞུའི་སྤྱི་ཁོག་གི་གནས་ཚུལ་ལ་བལྟས་ན། 2023ལོ་ནས་ད་བར་དུ། མཚོ་ལྷོ་ཁུལ་གྱི་རྒྱུན་བསྲིང་འཕེལ་རྒྱས་ཀྱི་སྟོན་གྲངས་དོན་གསུམ་དང་གྲངས་ཆུང་ལྔ་ལྔ་ཡིན་པ་དང་། དབུལ་ཕོངས་མེད་པར་བཟོ་བ་དང་དག་གཙང་བཏུང་ཆུ། འཕྲོད་བསྟེན་སྒྲིག་ཆས། གོང་བདེ་གོ་ཆོད་ཀྱི་དག་གཙང་ནུས་ཁུངས། འདྲ་མཉམ་དང་འཆམ་མཐུན། ཁོད་ཡངས་ཀྱི་སྤྱི་ཚོགས་སོགས་རྒྱུན་བསྲིང་འཕེལ་རྒྱས་ཀྱི་དམིགས་འབེན་མང་པོ་བདེ་བླག་ངང་མངོན་འགྱུར་བྱས། ལྷག་པར་དུ་ནུས་མང་ཁ་གསབ་དང་ལེགས་བསྡུས་ཕན་ལྡན་གྱི་རིགས་གསར་བའི་དག་གཙང་ནུས་ཁུངས་གསར་སྤེལ་མ་ལག་གསར་སྐྲུན་བྱས་པ་དང་། དག་གཙང་ནུས་ཁུངས་ཀྱི་གློག་འདོན་ཚད་བརྒྱ་ཆའི་བརྒྱ་རུ་སླེབས་ལ། འཛམ་གླིང་གི་དག་གཙང་ནུས་ཁུངས་བརྒྱུད་སྐྱེལ་གྱི་མཚོ་སྔོན་ནས་ཧི་ནན་གྱི་སྟོང་ཧྥུའུ་བརྒྱད་བརྒྱའི་མཐོ་གནོན་གློག་སྐྱེལ་བཟོ་སྐྲུན་ཐོག་མ་སོགས་ཞིབ་སྤེལ་དང་འཛུགས་སྐྲུན་བྱས་ནས། རླུང་དང་ཉི་འོད་སོགས་དག་གཙང་གློག་ཤུགས་བརྒྱུད་སྐྱེལ་བྱེད་སྐབས་གློག་གནོན་བརྟན་པོ་མིན་པའི་དཀའ་གནད་ཐག་བཅད།

མཚོ་སྔོན་གྱི་ཐོག་མར་ཆོག་མཆན་ཐོབ་པའི་གསར་གཏོད་དཔེ་སྟོན་ཁུལ་དང་། རྒྱལ་ཡོངས་ཀྱི་མིག་སྔར་གྱི་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་རྒྱུའི་ཆོག་མཆན་ཐོབ་པའི་མི་རིགས་རང་སྐྱོང་ཁུལ་གཅིག་པུ་ཡིན་པའི་ཆ་ནས། མཚོ་ལྷོ་ཁུལ་གྱིས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་རྒྱུ་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བྱ་བའི་བཀོད་གཏོང་གྲོས་ཚོགས་ཀྱི་ནང་དོན་ཁྲོད་བཞག་ནས་ཟླ་རེར་བཀོད་གཏོང་བྱེད་ཀྱིན་ཡོད་པ་དང་། མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རྒྱུན་བསྲིང་འཕེལ་རྒྱས་གྲོས་རིམ་གྱི་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བའི་དཔྱད་ཞིབ་བྱེད་ཐབས་གཏན་འབེབས་པར་འགྲེམ་བྱས་ལ། མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རྒྱུན་བསྲིང་འཕེལ་རྒྱས་གྲོས་རིམ་གྱི་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་སྐུལ་སྤེལ་གྲོས་ཚོགས་བསྡུས་པ་དང་། གསར་གཏོད་ཐད་ནས་དག་གཙང་ནུས་ཁུངས་གཙོ་ཁྲིད་དུ་བྱས་ཤིང་། ཆུ་དང་རླུང་། ཉི་འོད། ས་འོག་ཚ་ནུས། ནུས་གསོག་བཅས་ཀྱི་རིགས་གསར་བའི་གློག་ཤུགས་མ་ལག་བཙུགས་པ་དང་། ལྗང་མདོག་རྩིས་ནུས་ཀྱི་ལས་གཞི་འཛུགས་སྐྲུན་བཟང་བོ་བྱས་ལ། དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་མཉམ་འབྲེལ་བྱས་པའི་ཐོན་ལས་མཉམ་བསྲེས་འཕེལ་རྒྱས་ཀྱི་མ་དཔེ་གསར་སྐྲུན་བྱས་པ་དང་། ལྗང་མདོག་ཐཱན་དམའ་སོགས་ཀྱི་ལག་རྩལ་དེ་དཔེ་སྟོན་ཁུལ་ལེགས་བསྡུས་བཀོལ་སྤྱོད་བྱས་ལ། ཉི་འོད་ནུས་པའི་ཐོན་ལས་དང་སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོབ། སྐྱེ་ཁམས་དཔལ་ཡོན་ཞིང་ཕྱུགས་ལས་བཅས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བ་དང་གནས་ལྔ་གཞི་གཅིག་གི་དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་རིན་ཐང་བསྒྱུར་བ། མདོ་དབུས་མཐོ་སྒང་གི་གཞི་གྲངས་དང་རིག་གནས་ཡུལ་སྐོར་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བའི་དཔེ་སྟོན་གྱི་མ་དཔེ་གསར་བ་བཙུགས་ནས། གསར་གཏོད་ཕྲེང་འབྲེལ་དང་ཐོན་ལས་ཕྲེང་འབྲེལ་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།

རིན་ཆེན་མཚོས་བསྒྱུར།