རང་ཞིང་གིས་སྨན་རྫས་ཐད་ཀྱི་ཞིབ་བཤེར་ལ་ཤུགས་བསྣན་ནས་མང་ཚོགས་ཀྱི་སྨན་བཀོལ་བདེ་འཇགས་སྲུང་སྐྱོབ་བྱས།
2024.12.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

སྨན་རྫས་དང་སྨན་བཅོས་ཡོ་ཆས། མཛེས་འཆོས་བྱུག་རྫས་བཅས་ཀྱི་སྤུས་ཚད་ལྟ་སྐུལ་ལ་སྔར་ལས་ཤུགས་སྣོན་པ་དང་། མང་ཚོགས་ཀྱི་སྨན་བཀོལ་བདེ་འཇགས་ལ་འགན་སྲུང་བྱེད་ཆེད། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ལྟ་སྐུལ་དོ་དམ་མ་དཔེ་གསར་གཏོད་བྱས་པ་དང་། ནང་དུ་འདྲེན་པ་དང་ཡུལ་དངོས་ནས་ཞིབ་བཤེར་བྱེད་པ། ལས་སྒོའི་ཁྲོད་སློབ་ཁྲིད་སྣེ་ཁྲིད་བྱེད་པའི་རྣམ་པ་སྤྱད་དེ། སྤུན་ཟླ་ཞིང་ཆེན་གྱི་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡི་རྒྱལ་ཁབ་རིམ་པའི་ཞིབ་བཤེར་པ་མཚོ་སྔོན་དུ་གདན་ཞུ་བྱས་ནས་མཉམ་དུ་སྨན་རྫས་ཐད་ཀྱི་གློ་བུར་ཞིབ་བཤེར་བྱ་བ་སྤེལ། ཐེངས་འདིར་བསྡོམས་པས་ཞིང་ཆེན་ཡོངས་ཀྱི་སྨན་རྫས་ཚོང་གཉེར་བཀོལ་སྤྱོད་དང་སྨན་རྫས་ཚོད་ལྟ་ལས་ཁུངས། སྨན་བཅོས་ལས་ཁུངས་ཀྱི་སྡེབ་རྫས་ཚན་ཁག སྨན་བཅོས་ཡོ་ཆས་ཐོན་སྐྱེད་ཚོང་གཉེར་དང་མཛེས་འཆོས་བྱུག་རྫས་ཚོང་གཉེར་སོགས་ཁེ་ལས་སྟོང་གསུམ་དང་ལྔ་ལ་ཞིབ་བཤེར་བྱས་པ་དང་། ཁྲིམས་འགལ་གྱི་གནས་ཚུལ་ཡོད་པའི་ཁེ་ལས་ལ་ཁྲིམས་ལྟར་ཐག་གཅོད་བྱས་ནས། གློ་བུར་ཞིབ་བཤེར་ཐད་ནས་གྲུབ་འབྲས་བཟང་བོ་བླངས།

ཞིང་ཆེན་སྨན་རྫས་ལྟ་སྐུལ་ཅུའུ་ཡིས་སྨན་རྫས་ཀྱི་ནད་ཐོག་སྨན་བཅོས་མིན་པའི་ཚོད་ལྟ་དང་སྨན་རྫས་ཐོན་སྐྱེད་སིལ་འཚོང་དང་བཀོལ་སྤྱོད་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་དང་ཉམས་ཞན་སར་ཁ་གཏད་དེ། གློ་བུར་ཞིབ་བཤེར་བྱ་བའི་ཇུས་གཞི་གཏན་འབེབས་བྱས་པར་མ་ཟད། སྐབས་བསྟུན་གཉིས་ཀྱི་རྩ་དོན་ལྟར། ཡུལ་དངོས་ནས་རྒྱན་ལེན་པའི་རྣམ་པ་སྤྱད་དེ་ཞིབ་བཤེར་ཚན་ཆུང་སོ་སོ་དང་ཞིབ་བཤེར་བྱེད་སའི་ཁེ་ལས་ཀྱི་མིང་གཏན་ཁེལ་བྱས། པེ་ཅིང་དང་ཐེན་ཅིན། ཀོང་ཏུང་། ཧྲན་ཞི། ཀན་སུའུ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་ཆེད་མཁས་པ་གདན་ཞུ་བྱས་པ་མ་ཟད། ཞིང་ཆེན་ནང་ཁུལ་གྱི་ཉམས་མྱོང་ལྡན་པའི་ཞིབ་བཤེར་མི་སྣ་དང་ལྟ་སྐུལ་མི་སྣ་བཅས་དང་ཞིབ་བཤེར་ཚན་ཆུང་བཙུགས་ནས། འབྲེལ་ཡོད་ཁྲིམས་སྲོལ་ལྟར་ཞིབ་བཤེར་ནན་མོ་བྱས། ཞིབ་བཤེར་བྱེད་པའི་གོ་རིམ་ཁྲོད། གནད་དོན་རྙེད་ཚེ་དུས་ཐོག་ཏུ་ས་དེའི་ལྟ་སྐུལ་དོ་དམ་སྡེ་ཁག་ལ་ཡར་ཞུ་བྱས་པ་དང་། ལྟ་སྐུལ་དོ་དམ་སྡེ་ཁག་གིས་རོགས་བྱས་ནས་དག་ཐེར་ལེགས་བཅོས་བྱེད་པའི་གནས་ཚུལ་ལ་རྗེས་འདེད་བྱེད་རྒྱུའི་རེ་བ་བཏོན་ནས། གོང་འོག་མཉམ་འབྲེལ་གྱི་ལྟ་སྐུལ་རྣམ་པ་གྲུབ་པར་བྱས། དེ་དང་མཉམ་དུ། འཕྲོད་བསྟེན་བདེ་ཐང་དང་སྤྱི་བདེ་སོགས་སྡེ་ཁག་བར་ཆ་འཕྲིན་མཉམ་སྤྱོད་དང་མཉམ་འབྲེལ་ཁྲིམས་བསྟར་རྐྱེན་སྲོལ་བཙུགས་ནས། སྡེ་ཁག་བརྒལ་བའི་སྨན་རྫས་བདེ་འཇགས་ཀྱི་གནད་དོན་ལ་ཁ་གཏད་དེ། མཉམ་འབྲེལ་འགུལ་སྐྱོད་སྤེལ་ནས། མཉམ་དུ་སྨན་རྫས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་བཟོ་སྤྱོད་ཚུལ་ལ་རྡུང་རྡེག་བྱས་པ་དང་། ཕྱོགས་ཡོངས་ནས་སྨན་རྫས་བདེ་འཇགས་ལ་འགན་སྲུང་བྱས།

རིན་ཆེན་མཚོས་བསྒྱུར།