གསར་འགོད་པས་ཟླ11ཚེས27ཉིན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བར་སྐྱིན་ཚབ་འཇལ་བའི་བྱ་བ་ཚད་ལྡན་དུ་གཏོང་ཆེད། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་སོགས་སྡེ་ཁག16གིས《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བར་སྐྱིན་ཚབ་འཇལ་བའི་བྱ་བའི་བྱེད་ཐབས》 མཉམ་འབྲེལ་སྒོས་པར་འགྲེམས་བྱས་ཏེ། འགན་འཁྲི་གསལ་བོ་དང་། ཐབས་ལམ་ལེགས་པ། ལག་རྩལ་ཚད་ལྡན། འགན་སྲུང་ནུས་ལྡན། སྐྱིན་ཚབ་དོན་འཁྱོལ། ཉམས་གསོ་ནུས་ལྡན་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བར་སྐྱིན་ཚབ་འཇལ་བའི་ལམ་ལུགས་འཛུགས་པ་དམིགས་འབེན་དུ་བརྩིས་ནས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བར་སྐྱིན་ཚབ་འཇལ་བའི་ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་བཏང་།
ཤེས་རྟོགས་བྱུང་བ་ལྟར་ན། 《བྱེད་ཐབས》དེར་སྡོམ་པས་ལེའུ8དང་དོན་ཚན54ཡོད་པ་དང་། ལེའུ8ནང་སྤྱིའི་རྩ་དོན་དང་། འགན་འཁྲིའི་ལས་བགོས། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བར་སྐྱིན་གསབ་འཇལ་བའི་གྱོད་གཞིར་བརྟག་དཔྱད། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བར་སྐྱིན་ཚབ་འཇལ་བར་གདེང་འཇོག སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བར་ཉམས་གསོ་དང་དཔྱད་དཔོག སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བར་སྐྱིན་ཚབ་འཇལ་བའི་ལྟ་སྐུལ་དང་འགན་ལེན། ཞར་བྱུང་དོན་ཚན་བཅས་ཚུད་ཡོད། གཞན་ད་དུང《བྱེད་ཐབས》ནང་བརྗོད་པའི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བ་ཞེས་པ་ནི་ཁོར་ཡུག་ལ་སྦགས་བཙོག་བཟོ་བ་དང་སྐྱེ་ཁམས་ལ་གཏོར་བརླག་བཏང་བ་ལས་རླུང་ཁམས་ཆེན་མོ་དང་། ས་ངོས་ཆུ། ས་འོག་ཆུ། ས་རྒྱུ། ནགས་ཚལ། རྩྭ་ཐང་། བརླན་ས་སོགས་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོ་དང་། རྩི་ཤིང་། སྲོག་ཆགས། སྐྱེ་དངོས་ཕྲ་རབ་སོགས་སྐྱེ་དངོས་ཀྱི་རྒྱུ་རྐྱེན་གཙོ་བོར་འགྱུར་ལྡོག་མི་འབྱུང་བ་དང་དེ་བཞིན་གོང་གསལ་གྱི་རྒྱུ་རྐྱེན་ལས་གྲུབ་པའི་སྐྱེ་ཁམས་མ་ལག་གི་ནུས་པ་ཉམས་ཞན་དུ་འགྲོ་བ་ལ་ཟེར།
《བྱེད་ཐབས》གཞིར་བཟུང་སྟེ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ། སྐྱིན་ཚབ་དབང་ཆ་ཡོད་མཁན་གྱིས་བླང་བྱ་ལྟར་ཁྲིམས་ལྟར་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བར་སྐྱིན་ཚབ་འཇལ་བའི་འགན་འཁྲི་བདའ་འདེད་བྱེད་དགོས། (གཅིག)ཁོར་ཡུག་གི་དོན་རྐྱེན་ཅུང་ཚབས་ཆེ་བ་དང་དེའི་ཡན་ཐོན་པའི་རིགས་དང་། (གཉིས།)ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཁོར་ཡུག་ལ་སྦགས་བཙོག་དང་སྐྱེ་ཁམས་གཏོར་བརླག་གི་དོན་རྐྱེན་ཐོན་པའི་རིགས།(གསུམ།)ཁོར་ཡུག་ཐོན་ཁུངས་སྲུང་སྐྱོབ་ལ་གཏོར་བརླག་གཏོང་བའི་ཉེས་གསོག་གི་དོགས་པ་ཡོད་པ་དང་མཇུག་འབྲས་ཚབས་ཆེན་ཐོན་པའམ་ཡང་ན་གྲངས་འབོར་ཧ་ཅང་ཆེ་བ་སོགས་ཀྱི་གནས་ཚུལ་ཐོན་པའི་རིགས།(བཞི།) སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་གཞན་དག་ཐོན་པའི་རིགས་བཅས་རེད། བྱེ་བྲག་གི་གནས་ཚུལ་གྲོང་ཁྱེར་དང་ཁུལ་སོ་སོས་ས་ཁུལ་རང་གི་དོན་དངོས་ལྟར། ཕྱོགས་བསྡུས་བསམ་གཞིག་བྱས་ཏེ་ཁོར་ཡུག་ལ་སྦགས་བཙོག་བཟོ་བ་དང་། སྐྱེ་ཁམས་ལ་གཏོར་བརླག་གཏོང་བ། དེ་བཞིན་སྤྱི་ཚོགས་ལ་ཤུགས་རྐྱེན་བཟོ་བ་སོགས་ཀྱི་རྒྱུ་རྐྱེན་སྔར་ལས་གསལ་བོ་བཟོས་ཆོག
《བྱེད་ཐབས》དེ2024ལོའི་ཟླ12ཚེས12ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།