ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣའི་འགན་སྒྲུབ་གནས་ཚུལ་གྱི་སྙན་ཞུར་ཉན་ནས་གྲོས་ཞིབ་བྱས་པར་མ་ཟད་དཔྱད་འཇོག་བྱས།
2024.12.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 30

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྐོ་བཞག་བྱས་པའི་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ལས་འགན་ཁུར་རྗེས་ལྟ་སྐུལ་བྱེད་ཐབས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ཉེ་ཆར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཅུ་གཅིག་པས་ཐོག་དང་པོར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྐོ་བཞག་བྱས་པའི་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣའི་འགན་སྒྲུབ་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱས་ཤིང་། ལས་འགན་མ་ཁུར་གོང་ལ་གཏན་བཤད་པ་དང་། འགན་ཁུར་སྐབས་ཁྲིམས་ལྟར་འགན་སྒྲུབ་བྱེད་པ། འགན་ཁུར་རྗེས་ལྟ་སྐུལ་དཔྱད་འཇོག་བྱེད་པ་བཅས་ཀྱི་འཁོར་རྒྱུག་རྣམ་པ་གསར་བ་འཚོལ་ཞིབ་བྱས། 

རྒྱུས་ལོན་བྱུང་བ་ལྟར་ན། སྙན་ཞུའི་མི་སྣ་ལུགས་མཐུན་སྒོས་བཀོད་སྒྲིག་བྱ་ཆེད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྔོན་ལ་ཞིང་ཆེན་གྱི་སྲིད་གཅིག་ཁང་གཉིས་ཀྱི་བསམ་འཆར་སྡུད་ལེན་བྱས་པ་དང་། འགན་སྒྲུབ་གནས་ཚུལ་སྙན་ཞུ་བྱེད་པའི་མི་སྣའི་གྲོས་གཞིའི་མིང་ཐོ་བཏོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ལས་ཞིང་ཆེན་སྲིད་གཞུང་གི་ཁོངས་གཏོགས་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ་དྲུག་དང་ཞིང་ཆེན་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣ་བཞི་ཡིས་འགན་སྒྲུབ་གནས་ཚུལ་སྙན་ཞུ་འབུལ་དགོས་པ་གཏན་འཁེལ་བྱས། སྙན་ཞུ་མི་སྣའི་སྡེ་ཁག་སོ་སོ་སློབ་གསོ་དང་ཁྲིམས་འཛིན། ཚན་རྩལ། སྐྱེ་ཁམས། སྡོད་ཁང་འཛུགས་སྐྲུན། ཆུ་བེད། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་སོགས་ཀྱི་ཁྱབ་ཁོངས་ལ་ཁེབས་ཤིང་། དེ་ལས་སྲིད་གཅིག་ཁང་གཉིས་ནི་དམངས་ཆེན་ལས་བྱུང་བ་དང་དམངས་ཆེན་ལ་འགན་ཁུར་བ། དམངས་ཆེན་གྱི་ལྟ་སྐུལ་དང་ལེན་བྱེད་པ་བཅས་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་མཚོན་ཡོད། 

གྲོས་ཚོགས་ལས་སྙན་ཞུའི་མི་སྣ་བཅུ་ཡིས་ཁྲིམས་ལུགས་ཁྲིམས་སྲོལ་ལག་བསྟར་བྱེད་པ་དང་ཁྲིམས་ལྟར་འགན་འཁྲི་བསྒྲུབ་པ། ལས་འགན་མ་ཁུར་གོང་གི་གཏམ་བཤད་དང་། དེ་མིན་གནད་དོན་གཙོ་བོ་དང་གོ་རིམ་རྗེས་མའི་འཆར་གཞི་བཅས་ཀྱི་གཙོ་ཐིག་ལ་དམ་པོར་དམིགས་ཤིང་། ཞིང་ཆེན་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་དང་ཆོད་དོན་ལག་བསྟར་བྱེད་པ་དང་། ཞིང་ཆེན་དམངས་ཆེན་འཐུས་མིའི་གྲོས་གཞི་དང་སྐྱོན་བརྗོད། བསམ་འཆར་བཅས་བསྒྲུབ་པའི་གཙོ་གནད་ལ་དམིགས་ཏེ། རང་འཁྲིའི་བྱ་བ་དང་དམངས་ཆེན་གྱི་བྱ་བ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་དང་། གྲོས་ཚོགས་དང་ཡིག་ཐོག་གི་རྣམ་པ་བརྒྱུད་ནས་འགན་སྒྲུབ་གནས་ཚུལ་ཁ་ཚང་སྙན་ཞུ་འབུལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་མི་སྣས་བཟང་པོ་དང་ཅུང་བཟང་པོ། སྤྱིར་བཏང་། ཅུང་ཞན་པ། ཞན་པ་བཅས་ཀྱི་རིམ་པ་ལྔར་གཞིགས་ནས། འགན་སྒྲུབ་གནས་ཚུལ་དཔྱད་འཇོག་བྱས་པ་དང་། སྤྱིར་བཏང་དང་ཅུང་ཞན་པ། ཞན་པ་བཅས་ཀྱི་རིམ་པར་སྙན་ཞུ་འབུལ་མཁན་གཅིག་ཀྱང་མེད།

དཔྱད་འཇོག་མཇུག་སྒྲིལ་རྗེས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བྱ་བའི་ལས་ཁུངས་ཀྱིས་དུས་ཐོག་ཏུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲོས་ཞིབ་བསམ་འཆར་ཕྱོགས་བསྡོམས་དག་སྒྲིག་བྱས་པ་དང་། དཔྱད་འཇོག་མཇུག་འབྲས་ཚང་མ་ཀྲུའུ་རིན་གྲོས་ཚོགས་ལ་སྤྲད་དེ་ཞིབ་བཤེར་གཏན་འབེབས་བྱས་པར་མ་ཟད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པས་ཁྱབ་བསྒྲགས་བྱས། དེ་དང་མཉམ་དུ། གཅིག་གཏད་གཅིག་གིས་སྙན་ཞུ་བྱ་ཡུལ་དང་ལས་ཁུངས་ལ་གནས་ཚུལ་ཕྱིར་ལྡོག་བྱས་པར་མ་ཟད། ཞིང་ཆེན་གྱི་སྲིད་གཅིག་ཁང་གཉིས་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ལ་ཇི་མ་ཇི་བཞིན་དུ་སྤྲད་དེ། བསྐོ་བཞག་མི་སྣའི་འགན་སྒྲུབ་གནས་ཚུལ་ལ་རྒྱུས་ལོན་དང་རྒྱུགས་བཤེར་བྱེད་པའི་དཔྱད་གཞི་གཙོ་བོར་བརྩིས་པ་དང་། འགན་ཁུར་སྐབས་ནས་འགན་ཁུར་རྗེས་ཀྱི་ལྟ་སྐུལ་རྣམ་པ་མངོན་འགྱུར་བྱས་ནས། དམངས་ཆེན་ལྟ་སྐུལ་དེ་གོ་རིམ་རང་བཞིན་ནས་དངོས་ཡོད་རང་བཞིན་ལ་ཚུལ་སྒྱུར་བྱེད་པར་སྐུལ་འདེད་བཏང་།

ལྷ་མོ་འཚོས་བསྒྱུར།