མཚོ་སྔོན་གྱི་ས་ཆ་སོ་སོས་རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་དྲིལ་སྒྲོག་བྱ་འགུལ་སྤེལ།
2024.12.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ12པའི་ཚེས4ཉིན་ནི་རང་རྒྱལ་གྱི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་སྐབས་བཅུ་གཅིག་པ་ཡིན་པ་དང་། མཚོ་སྔོན་གྱིས་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པར་སྐུལ་འདེད་གཏོང་ཞེས་པ་བརྗོད་དོན་བྱས་ནས་རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་གཙོ་ཡུལ་བྱ་འགུལ་སྤེལ། དེ་དང་མཉམ་དུ་ས་ཆ་སོ་སོས་ཀྱང་རྩ་ཁྲིམས་དགུ་བསྐྱོད་ཀྱི་བརྗོད་དོན་བྱ་འགུལ་སྤེལ་བ་དང་། རྩ་ཁྲིམས་ཀྱི་བརྗོད་དོན་དྲིལ་སྒྲོག་དང་ལག་ལེན་བྱ་འགུལ་རབ་དང་རིམ་པ་རྩ་འཛུགས་བྱས་ཏེ། ཞིང་ཆེན་གོང་འོག་ཡོངས་སུ་རྩ་ཁྲིམས་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ཚ་རླབས་གསར་བ་འཕྱུར་བར་བྱས།

ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་རྩ་ཁྲིམས་ཉན་མོའི་བྱ་འགུལ་ཡུལ་དངོས་ཀྱི་མང་ཚོགས་ཀྱི་དྲན་འཆར་འགོད་པའི་པང་ལེབ་སྟེང་དུ། རྩ་ཁྲིམས་ཀྱི་གཞི་རྩ་དེ་མང་ཚོགས་ཀྱིས་སེམས་ཁོང་ནས་བརྩི་མཐོང་བྱེད་པར་ཐུག་པ་དང་། རྩ་ཁྲིམས་ཀྱི་འགུག་ཤུགས་ནི་མང་ཚོགས་ཀྱིས་ལྷག་བསམ་རྣམ་དག་གིས་དད་མོས་བྱེད་པའི་སྟེང་ཡོད་ལ། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་དང་། རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་ཡིན་ཞེས་བྲིས་ཡོད།

སྟོང་སྐོར་རྫོང་ཁྲིམས་འཛིན་ཅུའུ་ཡི་ལས་བྱེད་མི་སྣས། དྲན་འཆར་དེ་དག་གིས་མང་ཚོགས་ཀྱིས་རྩ་ཁྲིམས་སྙིང་སྟོབས་ལ་རྒྱུས་ལོན་ཟབ་མོ་བྱས་ཡོད་པ་མཚོན་ཐུབ་ལ། ཁོ་ཚོའི་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ཀྱི་ཕུགས་འདུན་ཡིད་རྟོན་བརྟན་པོ་མཚོན། ང་ཚོས་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་དེ་དམངས་ཡོངས་ཀྱི་རྩ་ཁྲིམས་ཁྱབ་གདལ་ཉིན་མོ་དང་སློབ་གསོའི་ཉིན་མོ་རུ་འགྱུར་བར་བྱེད་དགོས་ཞེས་བཤད།

མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནས་ཆང་རིག་གནས་ཐང་ཆེན་དུ། ཧུའུ་ཀྲུའུ་རྫོང་གིས་རྩ་ཁྲིམས་དྲིལ་སྒྲོག་གི་རིག་རྩལ་འཁྲབ་སྟོན་ཕུན་སུམ་ཚོགས་པ་སྤེལ་ནས། རྩ་ཁྲིམས་ཤེས་བྱ་དྲིལ་སྒྲོག་བཟང་བོ་བྱས། མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུའུ་དང་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་སོགས་ས་ཆས་ཀྱང་། སྡེ་ཁག་སོ་སོ་རྩ་འཛུགས་བྱས་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་སྒྲོག་སྟེགས་བུ་བཙུགས་པ་དང་། དྲིལ་སྒྲོག་ལག་དེབ་དང་བཅའ་ཁྲིམས་ཁྱད་གདལ་ལག་ཁུག་སོགས་བཀྲམས་ཏེ། བབ་ཆགས་ཤིང་གོ་བདེ་བའི་རྣམ་པ་སྤྱད་དེ་མང་ཚོགས་ཡོངས་ལ་རྩ་ཁྲིམས་དང་དམངས་དོན་ཁྲིམས་གཞུང་སོགས་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་བྱས་ནས། མང་ཚོགས་ཀྱིས་ཁྲིམས་ལྟར་རང་སྟེང་གི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་སྣེ་ཁྲིད་བྱས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་མཐོན་པོ་སྒང་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེ་ཞིབ་སློབ་རྟེན་གཞི་རུ་རྩ་ཁྲིམས་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། འཁྲབ་སྟོན་མི་སྣས་སེམས་རྣལ་དུ་ཕབ་ནས་རིག་རྩལ་བརྩམས་ཆོས་རེ་རེར་འགྲེལ་བཤད་གསལ་བོ་བྱས་པ་དང་། གླུ་གར་གྱི་རྣམ་པ་སྤྱད་དེ་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་བཏང་བ་དང་ཁྲིམས་སྐྱོང་དད་སེམས་བརྒྱུད་སྒྲོག་བྱས། འཁྲབ་སྟོན་མཇུག་རྫོགས་རྗེས། བྱ་འགུལ་ལ་ཞུགས་མི་སྣ་དག་སྔོན་ཆད་ཀྱི221རྟེན་གཞིའི་ཡན་ལག་བཟོ་གྲྭ་དང་པོར་སོང་ནས་གསར་བརྗེའི་ཞིབ་སློབ་བྱ་འགུལ་སྤེལ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་དྲིལ་སྒྲོག་འཕྲེད་ཡིག་དང་དྲིལ་སྒྲོག་པང་ལེབ་འགེལ་བ་སོགས་ཀྱི་རྣམ་པ་སྤྱད་དེ། རྩ་ཁྲིམས་དྲིལ་སྒྲོག་གཙོར་བཟུང་ནས། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཉེན་ཁ་ཆེན་པོར་འགོག་ཟོན་བྱེད་པ་སོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་བྱའི་དྲིལ་སྒྲོག་ལ་ཤུགས་བསྣན། ད་དུང་ཁྲིམས་རྩོད་པ་དང་སྡེ་བ་དང་གཞིས་ཁུལ་གྱི་བཅའ་ཁྲིམས་བློ་འདྲི་བ། མི་དམངས་བར་འདུམ་པ་སོགས་རྩ་འཛུགས་བྱས་ནས་ཡུལ་དངོས་ནས་མང་ཚོགས་ཀྱི་དོགས་གནད་སེལ།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དུ། རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་གྱི་མུ་འབྲེལ་བྱ་འགུལ་ཁྲིམས་སྐྱོང་རིག་རྩལ་ལེ་ཚན་གྱི་འཁྲབ་སྟོན་ཁྲོད་སྤེལ་འགོ་བརྩམས་པ་དང་། རྨ་ལྷོ་ཁུལ་དང་ཐུན་རིན་གྲོང་ཁྱེར་་གྱི་ཐད་གཏོགས་འགན་ནུས་སྡེ་ཁག་དགུ་བཅུ་ལྷག་གིས་བྱ་འགུལ་ཡུལ་དངོས་ནས་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་གི་ཁྲོམ་བཀྱག་བཙུགས་ནས། རྩ་ཁྲིམས་དྲིལ་སྒྲོག་བྱེད་པའི་ཞོར་དུ། གཙོ་འགན་གཙོ་ལས་ལ་དམིགས་ནས། མང་ཚོགས་ལ་བཅའ་ཁྲིམས་ཤེས་བྱའི་འགྲེམ་པང་དང་བཅའ་ཁྲིམས་དྲིལ་སྒྲོག་དཔེ་ཆའི་ནང་དོན་ངོ་སྤྲོད་བྱས་པ་དང་། ཁྲིམས་སྐྱོང་དྲིལ་སྒྲོག་དངོས་རྫས་བྱིན་ལ། སེམས་རྣལ་ལ་ཕབ་ནས་བཅའ་ཁྲིམས་དང་འབྲེལ་བའི་གནད་དོན་ལ་ལན་གསལ་བོ་བཏབ་སྟེ། མང་ཚོགས་ཀྱི་གནས་ཚུལ་དངོས་དང་མཐུན་པ་དང་སྡེ་ཁག་གི་ལས་རིགས་ཁྱད་ཆོས་འབུར་དུ་ཐོན་པའི་རྣམ་པ་སྤྱད་དེ་བཅའ་ཁྲིམས་ཁྱབ་གདལ་གནད་ལ་འཁེལ་བ་བྱས།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་སུས་ཁྲིམས་བསྟར་བྱེད་ན་སུས་བཅའ་ཁྲིམས་ཁྱབ་གདལ་བྱེད་པ་དང་སུས་དོ་དམ་བྱེད་ན་སུས་བཅའ་ཁྲིམས་ཁྱབ་གདལ་བྱེད་པ། སུས་ཞབས་ཞུ་བྱེད་ན་སུས་བཅའ་ཁྲིམས་ཁྱབ་གདལ་བྱེད་པའི་བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲི་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། ཡུས་ཧྲུའུ་གྲོང་ཁྱེར་གྱི་ནོར་གནག་ཐང་ཆེན་དུ་རྩ་ཁྲིམས་བརྗོད་དོན་དུ་བྱས་པའི་འགྲེམ་གནས་དང་སྦྱར་ཡིག་བཀོད་སྒྲིག་བྱས་པ་དང་། ཁྲིམས་སྐྱོང་དྲིལ་སྒྲོག་ཡིག་ཆ་དང་དྲིལ་སྒྲོག་སྤྱོད་རྫས་བཀྲམས་པ་དང་བཅའ་ཁྲིམས་བློ་འདྲི་འདོན་སྤྲོད་བྱེད་པ། བཅའ་ཁྲིམས་ཤེས་བྱའི་དྲི་བ་དྲིས་ལན་སོགས་ཀྱི་རྣམ་པ་བརྒྱུད་དེ། མང་ཚོགས་ལ་རང་སྡེ་ཁག་གི་འགན་འཁྲི་དང་འབྲེལ་བའི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་བྱས་པ་དང་། རྩ་ཁྲིམས་ཀྱི་སྙིང་སྟོབས་སྔར་ལས་དར་སྤེལ་བཏང་བ་དང་དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཇེ་བརྟན་དུ་བཏང་།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྩ་ཁྲིམས་དྲིལ་སྒྲོག་ཉིན་མོའི་བྱ་འགུལ་ཡུལ་དངོས་སུ་རྩ་ཁྲིམས་མིང་འགོད་གྱང་ངོས་བཙུགས་ནས། རྩ་ཁྲིམས་དང་མཉམ་པར་བསྐྱོན་པ་དང་བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་སོགས་ཀྱི་མང་ཚོགས་ཟབ་ཞུགས་བྱེད་ཚད་མཐོ་བ་དང་མཛད་སྒོའི་ཚོར་བ་ཡོད་པའི་རྩ་ཁྲིམས་དྲིལ་སྒྲོག་གི་ལག་ལེན་ཁྱད་ལྡན་བྱ་འགུལ་སྤེལ། བྱ་འགུལ་སྤེལ་སྐབས། ད་དུང་མགོ་ལོག་ཁུལ་གེ་སེར་བརྙན་ཟློས་ཁང་དུ་རིག་རྩལ་འཁྲབ་སྟོན་དང་རྩ་ཁྲིམས་ཤེས་བྱའི་དྲི་བར་ལན་འདེབས་པའི་བྱ་འགུལ་སྤེལ་བ་དང་། ནང་དོན་ཐད་ནས་རྩ་ཁྲིམས་ཀྱི་ལོ་རྒྱུས་དང་སྤྱི་དམངས་ཀྱི་དབང་ཆ་དང་འོས་འགན་སོགས་འདུ་ལ། བྱ་འགུལ་ཡུལ་དངོས་ཀྱི་ལྟད་མོ་བ་དག་ལང་ལོང་གིས་བྱ་འགུལ་ཁྲོད་ཞུགས་ནས། རྩ་ཁྲིམས་ཀྱི་ངོས་འཛིན་དང་རྒྱུས་ལོན་སྔར་ལས་ཇེ་ཟབ་ཏུ་བཏང་།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁའི་གནམ་གྲུ་ཐང་དང་མེ་འཁོར་ས་ཚིགས། རླངས་འཁོར་ས་ཚིགས་སོ་སོ་རུ་དྲིལ་སྒྲོག་བྱ་འགུལ་སྤེལ་ས་བཙུགས་ཡོད་པ་དང་།  ཡུལ་དངོས་སུ་རྩ་ཁྲིམས་བརྗོད་དོན་དྲིལ་སྒྲོག་ཅོག་ཙེ་དང་དྲིལ་སྒྲོག་སྒྲིག་ཆས་བཞག་ཡོད་ལ། ཁྲིམས་སྐྱོང་དྲིལ་སྒྲོག་མི་སྣ་མངག་གཏོང་བྱས་ནས་འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་མི་སྣ་དང་མཉམ་འབྲེལ་བྱས་ནས་ཡུལ་དངོས་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། དྲིལ་སྒྲོག་ཡིག་ཆ་དང་དྲིལ་སྒྲོག་དངོས་རྫས་བཀྲམས་པ་མ་ཟད། མང་ཚོགས་ཀྱིས་ཨང་བཤེར་བྱས་ནས་མཚོ་ནུབ་ཀྱི་སྐད་འཕྲིན་སྤྱི་རྟགས་སོགས་དོ་ཁུར་བྱེད་པར་སྣེ་ཁྲིད་བྱས་པ་དང་། ཚང་མས་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་བཅའ་ཁྲིམས་ཤེས་བྱ་སློབ་སྦྱོང་དང་དོ་སྣང་བྱེད་རྒྱུའི་འབོད་སྐུལ་བཏང་།

རིན་ཆེན་མཚོས་བསྒྱུར།