མཚོ་སྔོན་གྱིས2019ལོ་ནས་བཟུང་རྒྱལ་ཁབ་སྤྱི་གླིང་གཙོ་གནད་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་བསྐྲུན་འགོ་བརྩམས་པ་ནས་བཟུང་། ཕྱོགས་ཡོངས་ནས་རང་བྱུང་སྲུང་སྐྱོབ་ཁུལ་བསྡུ་སྒྲིལ་དང་ཇེ་ལེགས་སུ་བཏང་བ་དང་། བར་སྟོང་སྣོལ་སྡེབ་དང་རིམ་བརྩེགས་ཚབས་ཆེན། མཐའ་མཚམས་གསལ་པོ་མེད་པའི་རང་བྱུང་སྲུང་སྐྱོབ་ཁུལ109དང་། རིགས7དང་སྣ83དུ་བསྡུ་སྒྲིལ་དང་ཇེ་ལེགས་སུ་བཏང་། མིག་སྔའི་བར། ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གྲངས་ཀ17ཟིན་པ་དེ་དག་ནགས་ཚལ་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་། བརླན་ས། ཐང་རྒོད་སོགས་སྐྱེ་ཁམས་རིགས་ལ་ཁྱབ་ཡོད་པ་དང་། དེའི་རྒྱ་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རྒྱ་ཁྱོན་གྱི18%ཙམ་བཟུང་བ་དང་། རང་བྱུང་སྲུང་སྐྱོང་ཁུལ་དེ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཡུལ་ས་གལ་ཆེན་དང་སྐྱེ་ཁམས་ཟོང་རྟགས་སུ་གྱུར་ཡོད།
མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ཡི་འགན་འཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན།“མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོབ་ཁུལ་སོ་སོ་འཕེལ་རྒྱས་ཀྱི་དུས་མཚམས་མི་འདྲ་བར་གནས་པས། སོ་སོའི་རང་བྱུང་ཁྱད་ཆོས་དང་འཛུགས་སྐྲུན་གྱི་ད་ཡོད་གནས་ཚུལ་མི་འདྲ་བར་གཞིགས་ནས་བྱ་བ་སྣ་ཚོགས་སྐུལ་འདེད་མགྱོགས་པོ་གཏོང་དགོས། མཚོ་སྔོན་པོ་དང་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱིས་རྒྱལ་སྤྱིའི་བརླན་སའི་ཟོང་རྟགས་གལ་ཆེན་ལ་བརྟེན་ནས། ཧུར་ཐག་གིས་འཛམ་གླིང་ལ་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཔེ་སྟོན་བསྐྲུན་དགོས་པ་དང་། མཚོ་ནུབ་ཀྱི་ཁི་ལུའུ་ཁི་མཚེའུ་དང་། ཐུའོ་སུའུ་མཚེའུ། ན་གོར་མོའི་སྦྱར་སྡོང་ནགས་ཚལ་བཅས་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱིས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་རིམ་སྤོར་གྱི་བྱ་བར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པ། ནུའོ་མུའུ་ཧུང་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱིས་དོ་དམ་སྒྲིག་གཞི་དང་མི་སྣ་བཀོད་སྒྲིག་བྱེད་པའི་ཐད་བརྩོན་ལེན་ཧུར་ཐག་བྱས་ནས། བྱ་བ་སྣ་ཚོགས་རྒྱུན་ལྡན་འཁོར་སྐྱོད་ཐུབ་པའི་ཁག་ཐེག་བྱེད་དགོས།
རྒྱུས་ལོན་པ་ལྟར་ན། རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱིའི་འཆར་འགོད་བཟོ་བཅོས་བྱ་བ་ཡག་པོ་སྒྲུབ་ཆེད། རང་བྱུང་སྲུང་སྐྱོབ་ཁུལ་སོ་སོས་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་རྩིས་ཐོ་བཟོ་ཚད་ཇེ་མགྱོགས་སུ་གཏོང་བ་དང་། རང་འགུལ་སྒོས་རིག་གནས་དང་ཡུལ་སྐོར་སྡེ་ཁག་ལ་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ནས། ཧུར་ཐག་གིས་རང་བྱུང་སྲུང་སྐྱོབ་ཁུལ་གྱི“རི་བོ་གཉིས”ཀྱི་ཚུལ་སྒྱུར་ཐབས་ལམ་འཚོལ་ཞིབ་བྱས། སྐྱེ་ཁམས་ཡུལ་སྐོར་ཐོལ་བརྒལ་བྱེད་སར་བརྩིས་ཏེ་རང་བྱུང་སྲུང་སྐྱོབ་ཁུལ་རང་ངོས་ཀྱི་རང་བརྟེན་ནུས་པ་འདོན་སྤེལ་བྱེད་པ་དང་། སྤྱི་ཕན་རང་བཞིན་གྱི་རང་བྱུང་སློབ་གསོ་དང་གཉེར་སྐྱོང་རང་བཞིན་གྱི་ཞབས་ཞུའི་བྱ་འགུལ་འཚོལ་ཞིབ་བྱས་ཏེ། སྐྱེ་ཁམས་ལ་བརྟེན་ནས་ཡུལ་སྐོར་གྱི་སྤུས་ཚད་བསྐྲུན་པ་དང་ཡུལ་སྐོར་ལ་བརྟེན་ནས་སྐྱེ་ཁམས་རིན་ཐང་མངོན་པར་བྱས།
དེ་ལས་གཞན། རྒྱལ་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ས་ཆ་བསྡུ་སྒྲིལ་དང་ཇེ་ལེགས་སུ་གཏོང་བ་རྨང་གཞིར་བྱས་ཏེ། རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་ནས། ཚན་རིག་དང་མཐུན་པའི་ངང་ཕྱོགས་བཞིའི་ཁྱབ་ཁོངས་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་བའི་ཁུལ་དང་། བར་ཁུལ། ཚོད་ལྟའི་ཁུལ་བཅས་ཀྱི་ནུས་པ་དབྱེ་ཁུལ་གཏན་འཁེལ་བྱས་ནས། སྲུང་སྐྱོབ་བྱ་ཡུལ་ལ་སྲུང་སྐྱོབ་ནན་མོ་བྱེད་པ་དང་སྤྱོད་འོས་པའི་ས་ཁོངས་ཚན་རིག་དང་མཐུན་པའི་ངང་བེད་སྤྱོད་ནུས་ལྡན་བྱེད་དུ་འཇུག་དགོས། ལས་གཞིའི་དོ་དམ་ལ་ཤུགས་སྣོན་པ་དང་མ་དངུལ་གཏོང་སྤྲོད་ཀྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས། མ་དངུལ་གྱི་ཕན་འབྲས་འདོན་སྤེལ་ཐུབ་པའི་ཁག་ཐེག་བྱེད་དགོས། ལས་གཞིའི་འཆར་འགོད་ལ་ཤུགས་སྣོན་པ་དང་འབྲེལ་ཡོད་སྲིད་ཇུས་ཀྱི་ཁ་ཕྱོགས་ལ་ཞིབ་འཇུག་ནན་མོ་བྱས་ཏེ། ཀྲུང་དབྱང་ནོར་སྲིད་དང་ཀྲུང་དབྱང་གི་སྔོན་རྩིས་ནང་གི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལས་གཞིའི་ནང་དོན་གནད་ལ་འཁེལ་པོས་གཏན་འཁེལ་བྱེད་པ་དང་། ལས་གཞི་མཛོད་ཉར་བྱེད་ཚད་དང་གྲབས་གསོག་ལས་གཞིའི་སྤུས་ཚད་མཐོ་རུ་གཏོང་དགོས། རིག་གནས་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་རྫས་གྲགས་ཅན་གསར་སྐྲུན་བྱེད་པ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་རིག་གནས་དྲིལ་བསྒྲགས་དང་མཚམས་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས།
ཤ་བོ་རིན་མཚོས་བསྒྱུར།