མཚོ་སྔོན་ཞིང་ཆེན་གྱིས2024ལོའི“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་”ཞེས་པའི་བྱ་འགུལ་ཁྱོན་ཡོངས་ནས་འགོ་བརྩམས།
2024.12.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 36

ཟླ 12 ཚེས 4 ཉིན“རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ”ཐེངས 11 པ་ཡིན་ལ། “རྩ་ཁྲིམས་ཀྱི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བཏང་ནས། བཅོས་བསྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ”བརྗོད་དོན་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱི 2024 ལོའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོའི་བྱ་འགུལ་གཙོ་བོ་དང་མཚོ་སྔོན་ཞིང་ཆེན་གྱི(ཟི་ལིང་ས་ཁུལ)“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”འགོ་རྩོམ་པའི་མཛད་སྒོ་ཟི་ལིང་ནས་བསྡུས་པ་དང་། རང་ཞིང་གི 2024 ལོའི“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”བྱ་འགུལ་ཁྱོན་ཡོངས་ནས་འགོ་བརྩམས་པ་རེད།

བྱ་འགུལ་ནི“དྲ་ཐོག་ནས་ཐད་གཏོང་དང་པར་རིས་ཐད་གཏོང་”བྱེད་སྟངས་སྤྱད་དེ་མི་དམངས་ཁྲིམས་དཔོན་དང་། མི་དམངས་ཞིབ་དཔྱོད་དཔོན། མི་དམངས་ཉེན་རྟོག་པ། ཚོང་རའི་ལྟ་སྐུལ་དོ་དམ་གྱི་ཁྲིམས་བསྟར་མི་སྣ་བཅས་ཀྱིས་གྲུབ་པའི་དམ་བཅའ་འཇོག་པའི་རུ་བསྟར་གྱིས་བརྗིད་ཉམས་ལྡན་པའི་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས། 《བཅའ་ཁྲིམས་སློབ་གྲྭར་སྐྱོད་པ་དང་སློབ་གསོའི་རྟེན་གཞིར་སྐྱོད་པ》ཞེས་པའི་བརྙན་ཐུང་དང་། 《ཁྲིམས་སྐྱོང་མགྱོགས་གཏམ》《ཁྲིམས་སྐྱོང་གནས་ཚུལ་ཟློས་གར》སོགས་ཕུན་སུམ་ཚོགས་པའི་རིག་རྩལ་ལེ་ཚན་རབ་དང་རིམ་པས“རྩ་ཁྲིམས་གོང་དུ་སྤེལ་བ”ཞེས་པའི་ཡིད་ཆེས་བརྟན་པོ་བརྒྱུད་སྤེལ་བྱས། ཡུལ་དངོས་སུ་ད་དུང་ཁྲིམས་སྐྱོང་རིག་གནས་གསར་རྩོམ་གྱི་བརྩམས་ཆོས་འགྲེམས་སྟོན་བྱས་པ་དང་། རྩ་ཁྲིམས་ཀྱི་བརྗོད་དོན་གཙོ་བོའི་དྲིལ་སྒྲོག་བརྙན་པར་སྟོན་པ། “ང་དང་རྩ་ཁྲིམས་མཉམ་དུ་པར་རྒྱག་ས” བཙུགས་ནས། རྩ་ཁྲིམས་དྲིལ་སྒྲོག་གི་རྣམ་པ་ཟབ་མོ་ཆགས་ཡོད། དུས་མཚུངས་སུ།“ཁྲིམས་ལུགས་ཁྱབ་གདལ་དང་གཟུགས་འདས་ཤུལ་བཞག་རིག་གནས”གྱི་རྨ་ཙོང་ཀོ་བརྙན་ཟློས་གར་དང་། ས་གནས་ཀྱི་ཁྱད་ཆོས་འདྲེས་པའི《ཁྲིམས་སྐྱོང་རི་གླུ》སོགས་འཁྲབ་སྟོན་ལ་ས་གནས་ཀྱི་ཁྲིམས་སྐྱོང་རིག་གནས་ཁྱད་ཆོས་དང་ཁྲིམས་ལུགས་ཁྱབ་གདལ་གྱི་ལེགས་ཆ་མངོན་ཡོད་པས། དྲིལ་སྒྲོག་གི་ཕན་འབྲས་བཟང་པོ་བླངས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་རང་ཞིང་གི“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”གྱི་བྱ་འགུལ་སྤེལ་ཡུན་གཟའ་འཁོར་གཅིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་བརྒྱད(ཁུལ)ཀྱིས་དེའི་རིང་ཁྱོན་ཡོངས་ནས་ཁྲིམས་ལུགས་ཁྱབ་གདལ་ཐོན་ཁུངས་དང་སྟོབས་ཤུགས་སྣ་ཚོགས་སྐུལ་སློང་བྱས་ཏེ། རིམ་པ་དང་རིགས་དགར་ནས་རྣམ་པ་མང་བའི་ཁྲིམས་སྐྱོང་སྒྲོག་འགྲེལ་དང་། ཁྲིམས་སྐྱོང་རིག་རྩལ་འཁྲབ་སྟོན། ཁྲིམས་སྐྱོང་གྲུབ་འབྲས་འགྲེམས་སྟོན། དྲ་ཐོག་ཁྲིམས་ལུགས་ཁྱབ་གདལ་བཅས་ཀྱི་དྲིལ་སྒྲོག་རྩ་འཛུགས་བྱས་ནས། རྩ་ཁྲིམས་དྲིལ་སྒྲོག་དེ་ལྟ་ཐུབ་པ་དང་། སློབ་ཆོག་པ། ཉན་ཆོག་པ། རྩེ་ཆོག་པ་བཅས་ཀྱིས། རྩ་ཁྲིམས་ཀྱི་དགོངས་དོན་བརྒྱུད་སྤེལ་བཅས་བྱེད་ཐུབ་པ་དང་། བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་ཚ་རླབས་ཤིག་འཕྱུར་བར་བྱ་རྒྱུ་རེད། 

འབྲུག་མོས་བསྒྱུར།