2024ལོའི་འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་ཚོགས་ཆེན་ཐོག་པེ་ཅིང་བསྒྲགས་གཏམ་སྤེལ།
2024.12.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

 ཚེས4ཉིན། 2024ལོའི་འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་ཚོགས་ཆེན་པེ་ཅིང་དུ་གྲོལ།  ཚོགས་ཆེན་ཐོག《2024ལོའི་འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་ཚོགས་ཆེན་གྱི་པེ་ཅིང་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་བ་མ་ཟད་ཁྱབ་བསྒྲགས་བྱས་ཏེ།  སྲོལ་རྒྱུན་གསོ་རིག་ དམངས་ཡོངས་ཀྱི་བདེ་ཐང་ལ་ཁེབས་པ་མངོན་འགྱུར་བྱེད་པའི་ཁྲོད་ཀྱི་སྦས་ཤུགས་འདོན་སྤེལ་ལེགས་པོ་བྱེད་དགོས་པའི་འབོད་སྐུལ་བཏང་།

བསྒྲགས་གཏམ་ལས་བསྟན་དོན། སྲོལ་རྒྱུན་གསོ་རིག་ནི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན་པ་དང་།  དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་པ་དང་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད། སྲོལ་རྒྱུན་གསོ་རིག་ལ་རྙོག་འཛིང་རང་བཞིན་དང་རིག་གནས་ལས་བརྒལ་བའི་ཁྱད་ཆོས་ལྡན་པས་ཆེད་དོན་གྱི་ཞིབ་འཇུག་བྱེད་ཐབས་ཡོད་དགོས། ཆབ་སྲིད་ཀྱི་ཁས་ལེན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཆེན་པོ་དེ་སྲོལ་རྒྱུན་གསོ་རིག་བདེ་འཇགས་དང་ནུས་ལྡན་ངང་འཕྲོད་བསྟེན་མ་ལག་ཁྲོད་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་རྒྱུར་ཧ་ཅང་གལ་ཆེ།

བསྒྲགས་གཏམ་གཞིར་བཟུང་སྟེ། 2024ལོའི་འཛམ་གླིང་སྲོལ་རྒྱུན་གསོ་རིག་ཚོགས་ཆེན་གྱི་ཚོགས་ཞུགས་མི་སྣས་འབྲེལ་ཡོད་བྱ་སྤྱོད་སྤེལ་བར་མོས་མཐུན་བྱུང་། དེའི་ནང་སྲོལ་རྒྱུན་གསོ་རིག་ཁྱབ་གདལ་གཏོང་བའི་ཐ་སྙད་དང་། ཤེས་བྱ། ལག་ལེན།  རྒྱལ་སྤྱིའི་སྲོལ་རྒྱུན་གསོ་རིག་སྔོན་ལ་ཞིབ་འཇུག་བྱེད་པའི་གྲོས་རིམ་གཏན་འབེབས་དང་ལག་བསྟར་བྱེད་པར་རྒྱབ་སྐྱོར།  སྲོལ་རྒྱུན་གསོ་རིག་དང་དེང་རབས་གསོ་རིག་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་འདུས་ཡོད།

གཞན་ཡང་ཀྲུང་གོ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུའུ་ཡིས་ཚོགས་ཆེན་གྲོལ་པའི་མཛད་སྒོའི་ཐོག་སྲོལ་རྒྱུན་གསོ་རིག་དང་རྒྱལ་སྤྱིའི་ཚན་རིག་ཞིབ་འཇུག་མཉམ་ལས་འཆར་གཞི་དང་སྲོལ་རྒྱུན་གསོ་རིག་གི་ཤེས་ལྡན་མི་སྣའི་བརྗེ་རེས་དང་ནུས་པ་ཆེ་རུ་གཏོང་བའི་རྣམ་གྲངས་ཁྱབ་བསྒྲགས་བྱས།

དེའི་ནང་སྲོལ་རྒྱུན་གསོ་རིག་དང་རྒྱལ་སྤྱིའི་ཚན་རིག་ཞིབ་འཇུག་མཉམ་ལས་འཆར་གཞིས་ཁབ་བཙའི་ཞིབ་འཇུག་དང་། སྲོལ་རྒྱུན་གསོ་རིག་གིས་ཐོབ་ཐང་ལ་ཞིབ་འཇུག་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་དང་དུས་རབས་གསར་པའི་ཧྲིན་ནུང་ཁྲང་གི་སྨན་རྩྭ་བརྒྱའི་ཚོད་ལྟ་བྱེད་པའི་འཆར་གཞི་བཅས་ལག་བསྟར་བྱེད་པ་དང་།  སྲོལ་རྒྱུན་གསོ་རིག་གི་ཤེས་ལྡན་མི་སྣ་བརྗེ་རེས་དང་ནུས་པ་ཆེ་རུ་གཏོང་བའི་རྣམ་གྲངས་གཙོ་བོ་ཕྱི་རྒྱལ་གྱི་སྲོལ་རྒྱུན་གསོ་རིག་གི་ལས་ཞུགས་མི་སྣ་དང་། དོ་དམ་མི་སྣ། དེ་མིན་ཕྱི་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས། ཀྲུང་ལུགས་གསོ་རིག་ལ་སློབ་སྦྱོང་དང་ཞིབ་འཇུག་གི་འདུན་པ་ཡོད་པ་བཅས་ལ་དམིགས་ཏེ། ཉེ་བའི་ལོ3རིང་མི1300ལྷག་གསོ་སྦྱོང་དང་སྐྱེད་སྲིང་བྱེད་པའི་འཆར་གཞི་ཡོད་པ་རེད།

ཚོགས་ཆེན་ཐོག་ད་དུང་གོ་ལ་ཧྲིལ་པོའི་སྲོལ་རྒྱུན་གསོ་རིག་ཚོགས་པའི་མནའ་འབྲེལ་འཛུགས་རྒྱུའི་གྲོས་གཞི་བཏོན་ནས།  རྒྱལ་སྤྱིའི་སྲོལ་རྒྱུན་གསོ་རིག་གི་གྲོགས་པོའི་འབྲེལ་བའི་དྲ་བ་སྔར་ལས་དམ་ཟབ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས།

ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་ཚོགས་ཆེན་དེ་ཀྲུང་གོ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པ་དང་། གོ་ལ་ཧྲིལ་པོའི་སྲོལ་རྒྱུན་གསོ་རིག་ཁྱབ་ཁོངས་ཀྱི་སྲིད་གཞུང་གི་དཔོན་རིགས་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི།  ཆེད་མཁས་པ་དང་མཁས་དབང་བཅས་མི3000ལྷག་ཚོགས་འདུར་ཞུགས་ནས་ཆུ་ཚད་མཐོ་བའི་གཏམ་བཤད་དང་སྙན་ཞུ129བྱས་པ་དང་།  བརྗེ་རེས་གླེང་མོལ་ཐེངས13བྱས་པ་རེད།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།