ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ནས་ཤེས་གསལ་ལྟར་ན། མགོ་ལོག་ཁུལ་གྱིས་ལས་ཞུགས་དང་ལས་ལམ་གསར་འབྱེད་ཀྱི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ལས་ཞུགས་དང་ལས་ལམ་གསར་འབྱེད་ཀྱི་སྲིད་ཇུས་ཁྱབ་ཁོངས་ཆེ་རུ་གཏོང་བ་དང་། དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལས་ཞུགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རོང་འབྲོག་པའི་རྩལ་ནུས་མཐོ་རུ་གཏོང་བའི་ཕྱོགས་སུ་སྐུལ་འདེད་བཏང་། ཟླ་བཅུ་གཅིག་པའི་ཟླ་མཇུག་བར། མགོ་ལོག་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས་དྲུག་བརྒྱ་དོན་བདུན་གསར་སྣོན་བྱུང་བ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་མི་ཁྲི་གཅིག་དང་སྟོང་དྲུག་ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱས་ཚད་བརྒྱ་ཆའི་གཉིས་དང་དོན་གཅིག་ཡིན་ལ། ལས་ཀ་ཤོར་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་ལྔའི་ནང་ཚོད་འཛིན་བྱས་ཡོད།
གསར་འགོད་པས་མགོ་ལོག་ཁུལ་གྱི་ལས་ཞུགས་ཞབས་ཞུའི་ཚོམས་ཆེན་དུ་ལས་ཞུགས་ལ་ཡོང་བའི་རོང་འབྲོག་པར་ལས་དོན་མི་སྣས་ལོ་ན་དང་ཁོང་དུ་ཆུད་པའི་རྩལ་ནུས་སོགས་གཞི་རྩའི་གནས་ཚུལ་ལ་གཞིགས་ནས་སོ་སོར་རང་ཉིད་ཀྱི་ནུས་པ་ལྟར། མི་རེར་ཐབས་ཇུས་རེ་ཡོད་པའི་ལས་ཞུགས་ཞབས་ཞུའི་སྟེགས་བུ་བསྐྲུན་ཡོད། ལས་ཞུགས་ཞབས་ཞུ་ཆ་འཕྲིན་ཅན་དུ་འགྱུར་བའི་སྟེགས་བུར་བརྟེན་ནས་གདན་ཞུའི་ལས་ཁུངས་ཀྱིས་མི་བཀོལ་སྤྱོད་ཀྱི་དགོས་མཁོར་གཞིགས་ནས་ལས་ཀ་འཚོལ་མཁན་དང་། ལས་ཀ་འཚོལ་མཁན་གྱིས་ཀྱང་ཕོགས་ཐོབ་ཐོབ་ཐང་དང་ལས་ཀའི་དུས་ཚོད་སོགས་ཀྱི་ཐོག་ནས་རང་ཉིན་ལ་འཚམ་པའི་ལས་ཀ་བདམས་ཆོག ལས་ཞུགས་ཞབས་ཞུའི་རྣམ་པ་བཟང་པོ་དང་ཕྱོགས་གཉིས་ཀར་ཕན་པའི་ལས་ཞུགས་སྟེགས་བུ་ལས་ལས་ཞུགས་བྱེད་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། ད་ལོར་མགོ་ལོག་ཁུལ་གྱི་དབུལ་ཐར་མི་སྣའི་ལས་ཞུགས་མི་གྲངས་ཁྲི་གཉིས་དང་སྟོང་གསུམ་ལྷག་ཙམ་ཟིན་ཡོད་ལ། གནས་སྤོས་མང་ཚོགས་ལ་ལས་ཞུགས་མི་ཁྲི་གཅིག་དང་སྟོང་ལྔ་ལྷག་ཙམ་མངོན་འགྱུར་བྱུང་བ་དང་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་བྱེད་ཚད་བརྒྱ་ཆའི་གོ་གཅིག་དང་གྲངས་ཆུང་བརྒྱད་ཟིན་ཡོད་པ་དང་། ལས་ཞུགས་མི་གྲངས་དང་ལས་ཞུགས་བྱེད་ཚད་ཚང་མ་ད་ལོའི་ལོ་འགོར་གཏན་འབེབས་བྱས་པའི་དམིགས་ཚད་ལས་བརྒལ་ཡོད།
མགོ་ལོག་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་ཅུའུ་ཀྲང་ཁུང་ཧྲེང་ཧྥའོ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། མགོ་ལོག་ཁུལ་གྱི་ལས་ཞུགས་བྱེད་ཚད་དང་ལས་ཞུགས་ཧུར་བརྩོན་རང་བཞིན་རྒྱུན་མཐུད་ངང་འཕར་སྣོན་བྱུང་བ་འདི་ནི། ལས་ཞུགས་དང་ལས་ལམ་གསར་འབྱེད་ཀྱི་སྲིད་ཇུས་རྒྱུན་ཆད་མེད་པར་ཞིབ་ཚགས་སུ་གཏོང་བ་དང་། སྲིད་ཇུས་བཟང་པོ་མང་ཚོགས་ལ་ངེས་པ་དོན་གྱིས་དངོས་འབེབ་བྱས་ཏེ། ལས་ཞུགས་ལས་སྐྲུན་ཞབས་ཞུ་གནད་འཁེལ་དང་ཞིབ་ཚག་སྒོས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ད་ལོར་ལས་རིགས་བགར་སྟེ་ཁྱབ་ཁོངས་སོ་སོའི་གདན་ཞུའི་བྱེད་སྒོ་སྣ་ཚོགས་ཉེར་བདུན་སྤེལ་བ་དང་། ཞིང་ཆེན་ཕྱི་ནང་གི་ཁེ་ལས་སུམ་བརྒྱ་དོན་ལྔ་ཡིས་མགོ་ལོག་ལ་ལས་ཞུགས་ལས་གནས་ཁྲི་གཅིག་དང་སྟོང་གཉིས་ལྷག་ཙམ་མཁོ་འདོན་བྱས་ཡོད།
ཚེ་མགོན་རྒྱལ་གྱིས་བསྒྱུར།