ཟླ12ཚེས5ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོགས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་བྱ་བའི་གྲོས་ཚོགས་ཐེངས་དང་པོ་བསྡུས་ནས། ཚོགས་ཆེན་འཚོགས་པའི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཏུ་འཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པས། ལངས་ཕྱོགས་གསལ་བོས་ཆབ་སྲིད་ལ་མཐོང་ཆེན་དང་། དམངས་འཐུས་ཚོགས་ཆེན་ལམ་ལུགས་ཀྱི་རང་རྟོན་ཇེ་དྲག་ཏུ་གཏོང་བ་དང་འཐུས་ཚང་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་བྱེད་པ་དང་། འབྲེལ་གཏུག་དང་། ཇུས་འདོན། གཅིག་གྱུར་མཐུན་སྦྱོར། ལྟ་ཞིབ་དོན་འཁྱོལ། ཞབས་ཞུ་འགན་སྲུང་སོགས་ཀྱི་གཞི་རྩའི་འགན་འཁྲི་ལག་བསྟར་གང་ལེགས་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་ཀྱིས་ཚོགས་ཆེན་ལ་གཅིག་གྱུར་འཆར་འགོད་དང་། སྒྲིག་འཛུགས་ལེགས་པོ། འགན་སྲུང་ལེགས་པོ་བཅས་བྱེད་དགོས། བསམ་ཇུས་གཅིག་གི་བསམ་བློ་འཛུགས་པ་དང་། མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ། ཞིབ་ཚགས་དང་གཟབ་ནན། དོན་དངོས་དང་མཐུན་པ་བཅས་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་ཞབས་ཞུ་འགན་སྲུང་གི་བྱ་བའི་ཁྲོད་ཞུགས་ཏེ། གོང་འོག་འབྲེལ་མཐུད་དང་། འཁོར་སྐྱོད་གོ་རིམ་ལྡན་པ། མཐུན་སྦྱོར་ནུས་ཆེ་བཅས་ཀྱི་བྱ་བའི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། དམིགས་འབེན་ཕྱོགས་སྟོན་དུ་འཛིན་པ། ཕན་འབྲས་ཕྱོགས་སྟོན་དུ་འཛིན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ལས་འགན་ཞིབ་རྒྱས་སུ་གཏོང་བ་དང་། བྱ་བའི་གོ་རིམ་ཚད་ལྡན་དུ་གཏོང་བ། བཅའ་ཁྲིམས་ཀྱི་གོ་རིམ་ལྟར་ནན་ཏན་གྱིས་ཁྲིམས་ལྟར་ཚོགས་འདུ་འཚོགས་པ་བཅས་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་བླ་ན་མེད་པའི་འགན་འཁྲི་ཁྲིམས་ལྟར་བསྒྲུབ་དགོས།
གྲོས་ཚོགས་ནས་གྲ་སྒྲིག་བྱ་བའི་ལས་ཁུངས་ཀྱི་ཚན་ཆུང་སོ་སོ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ཚོགས་ཆེན་གྱི་གྲ་སྒྲིག་བྱ་བའི་ཇུས་གཞི་དང་བྱ་བའི་མྱུར་ཚད་ལྟར། མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་དང་། སྒྲིག་ཁྲིམས་སྤྱོད་ཚུལ་ནན་མོ་བྱས་ཏེ། གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བ་སྣ་ཚོགས་ཏན་ཏིག་གིས་བསྒྲུབ་དགོས་པའི་བླང་བྱ་བཏོན།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།