རང་ཞིང་གིས་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་ལས་འགན་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་གཉིས་ས་ཡ་ལྔ་འབུམ་གཉིས་ཁྲི་བདུན་ལག་བསྟར་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དངོས་པོའི་རྨང་གཞི་ཇེ་བརྟན་དུ་བཏང་།
2024.12.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

གསར་འགོད་པས་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2024ལོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་རྒྱུ་དེ་གཙོ་སྙིང་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། མི་རིགས་ས་ཁུལ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་དམིགས་འབེན་དུ་བྱས་ནས། གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་ལས་འགན་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་གཉིས་ས་ཡ་ལྔ་འབུམ་གཉིས་ཁྲི་བདུན་བརྩོན་ལེན་བྱས་པ་དང་། དེ2023ལོ་དང་བསྡུར་ན་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་བདུན་ཁྲི་དགུ་ཡིས་ཇེ་མང་དུ་སོང་ཡོད་ལ། བསྡོམས་པས་ལས་གཞི་ཉིས་བརྒྱ་དང་ཞེ་ལྔ་ལག་བསྟར་བྱེད་རྒྱུ་བཀོད་སྒྲིག་བྱས་ཡོད། དེའི་ཁྲོད། ཐོན་ལས་རིགས་ཀྱི་ལས་གཞི་བརྒྱ་དང་སོ་དགུ་དང་། རྨང་གཞི་སྒྲིག་ཆས་རིགས་ཀྱི་ལས་གཞི་རེ་ལྔ། ཧྥུལ་ཉུང་མཐའ་ཚོང་ཇ་ཡི་ལས་གཞི་ཞེ་གཅིག་བཅས་ཡོད་ལ། མིག་སྔའི་བར་དུ། ལས་གཞི་ཚང་མ་ཧ་ལམ་ཡོངས་འགྲུབ་བྱས་ཡོད་པ་དང་། མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་ས་ཡ་ལྔ་འབུམ་གསུམ་དང་ཁྲི་བརྒྱད་བཏང་བ་དང་། གཏོང་སྒོའི་ཚད་བརྒྱ་ཆའི་དགུ་བཅུ་དང་གྲངས་ཆུང་དྲུག་གཉིས་ལ་སླེབས།

གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་ལས་འགན་མ་དངུལ་གྱིས་གཙོ་བོར་མི་རིགས་རང་སྐྱོང་ས་ཆ་དང་མི་རིགས་གྲོང་སྡེའི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་ཐད་རྒྱབ་སྐྱོར་བྱེད་པ་དང་། མི་རིགས་ལག་ཤེས་བཟོ་ལས་སོགས་ཁྱད་ལྡན་ཐོན་ལས་དང་རིགས་ཆུང་བའི་སྤྱི་ཕན་རང་བཞིན་གྱི་རྨང་གཞི་སྒྲིག་ཆས་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ། མི་རིགས་གྲོང་སྡེ་སྲུང་སྐྱོབ་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བ། ཐུན་མོང་དེང་རབས་ཅན་གྱི་ཚོད་ལྟ་བྱེད་ས། དཀའ་ཁག་མང་ཚོགས་ཀྱི་ཧྥུལ་ཉུང་མཐའ་ཚོང་ཇ་འཐུང་བ་སོགས་གཙོར་བཟུང་ནས་བཀོལ་སྤྱོད་བྱེད་རྒྱུ་རེད། གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་ལས་འགན་མ་དངུལ་གྱི་ལས་གཞི་ལག་བསྟར་བྱས་པ་བརྒྱུད་དེ། རང་ཞིང་གི་་མི་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་ཚུར་སྣང་ཆེ་མཐོ་བ་དང་དགོས་མཁོ་ཆེས་ཆེ་བའི་དམངས་ཚིས་གནད་དོན་ཐག་བཅད་པ་དང་། རང་ཞིང་གི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་སྐུལ་འདེད་བཏང་ལ། མི་རིགས་མཐུནསྒྲིལ་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དངོས་པོའི་རྨང་གཞི་ཇེ་བརྟན་དུ་བཏང་ལ། སྲིད་ཇུས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཟང་བོ་བླངས།

ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས། གོ་རིམ་རྗེས་མར། བཅོས་བསྒྱུར་འཕེལ་རྒྱས་ཐད་ཀྱི་དོན་སྙིང་གསུམ་གྱི་བྱ་བའི་རེ་བ་ལྟར། གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་ལས་འགན་མ་དངུལ་བཀོལ་སྤྱོད་དང་དོ་དམ་བྱེད་པར་སྔར་ལས་ཤུགས་སྣོན་གཏོང་བ་དང་། གཙོ་བོར་ཞི་མཛེས་གྲོང་སྡེ་འཛུགས་སྐྲུན་བྱེད་པ་དང་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཚོང་རྟགས་མཐོར་འདེགས་གཏོང་བ། མི་རིགས་ས་ཁུལ་གྱི་རིག་གནས་ཡུལ་སྐོར་ལས་རིགས་དང་ཐུན་མོང་དེང་རབས་ཅན་གྱི་ཚོད་ལྟ་བྱེད་ས་སོགས་བྱ་བ་བཟང་བོ་བསྒྲུབ་པར་རྒྱབ་སྐྱོར་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བཏང་ནས་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མ་དངུལ་གྱིས་མི་རིགས་ཁྱབ་ཁོངས་ཀྱི་བྱ་བ་གཙོ་བོར་ཞབས་ཞུ་དང་འགན་སྲུང་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མི་རིགས་སོ་སོ་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པའི་ཚུལ་བསྟན།

རིན་ཆེན་མཚོས་བསྒྱུར།