ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་གཅིག་བསྡུས་སྒོས་རྩ་ཁྲིམས་ལས་ཁུངས་སུ་བསྐྱོད་པའི་སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་སྤེལ།
2024.12.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

2024ལོའི་མཚོ་སྔོན་ཞིང་ཆེན་གྱི་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་སྤེལ་འགོ་བརྩམས་པའི་རྗེས་སུ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་ཏང་རྩ་འཛུགས་དང་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སྡེ་ཁག་གིས་མྱུར་དུ་དང་ལེན་བྱས་ནས། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་བརྡ་སྦྱོར་དང་བཀོད་སྒྲིག་གི་རེ་བ་ལྟར། རྩ་ཁྲིམས་སྙིང་སྟོབས་དར་སྤེལ་བཏང་བ་དང་། བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པའི་བརྗོད་དོན་ལ་དམིགས་ནས། རྣམ་པ་སྣ་མང་སྤྱད་དེ་རྩ་ཁྲིམས་ལས་ཁུངས་སུ་བསྐྱོད་པའི་གཅིག་བསྡུས་སློབ་སྦྱོང་དང་དྲིལ་སྒྲོག་སློབ་གསོ་བྱ་འགུལ་སྤེལ་བ་དང་། གྲུབ་འབྲས་མངོན་གསལ་བླངས།

བྱ་འགུལ་སྤེལ་སྐབས། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་སོགས་ལས་ཁུངས་ཀྱིས་ཟླ12པའི་ཚེས4བཞི་ཉིན་གྱི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་གཅིག་བསྡུས་དྲིལ་སྒྲོག་དང་རྩ་ཁྲིམས་དམ་བཅའ་འཇོག་པའི་བྱ་འགུལ་སྤེལ་ནས། རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་བཏང་བ་དང་། རྩ་ཁྲིམས་ཀྱི་དབང་ཟིལ་མངོན་པར་བྱས་ལ། ཏང་ཡོན་ལས་བྱེད་པས་རྩ་ཁྲིམས་ལ་བརྩི་མཐོང་བྱེད་པ་དང་རྩ་ཁྲིམས་ལ་བློ་དཀར་བ། རྩ་ཁྲིམས་བརྩི་སྲུང་བྱེད་པ། རྩ་ཁྲིམས་སྲུང་སྐྱོང་བྱེད་པ། ཁྲིམས་ལྟར་འགན་སྒྲུབ་བྱས་ནས། རྩ་ཁྲིམས་བརྩི་སྲུང་བ་དང་ལག་བསྟར་མཁན་དུ་འགྱུར་བར་བྱས་པ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པར་རམ་འདེགས་བྱེད་རྒྱུའི་སྐུལ་མ་བཏང་།

ཞིང་ཆེན་ཞིབ་དཔྱོད་ཁང་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པ་བཅས་ཀྱིས་པོད་འཕྲིན་དང་སྐད་འཕྲིན་དང་མགྲོན་སྣེ་གཅིག་གི་སྟེགས་བུ་ལ་རྒྱབ་རྟེན་ནས། རྩ་ཁྲིམས་དྲིལ་སྒྲོག་གི་བརྙན་རིས་བཟོ་གཏོང་བྱེད་པ་དང་། གློག་རྡུལ་ཀློག་དེབ་དང་ཆ་འཕྲིན་སྤེལ་བ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ཟབ་མོ་བྱས་པ་དང་། རྩ་ཁྲིམས་ཀྱི་སྙིང་སྟོབས་སྔར་ལས་དར་སྤེལ་བཏང་། ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་སྤྱིའི་བཟོ་ཚོགས། ཞིང་ཆེན་ཚོང་དོན་ཐིན་བཅས་ཀྱིས་ལས་བྱེད་པ་ཡོངས་རྩ་འཛུགས་བྱས་ནས་ཀྲུང་དབྱང་སྨྱན་བྱད་ཀྱི་རྩ་ཁྲིམས་ཀྱི་སྙིང་སྟོབས་དང་ཁྲིམས་སྐྱོང་གི་སྟོབས་ཤུགས་དེ2024ལོའི་ཁྲིམས་སྐྱོང་མི་སྣ་ཞེས་པའི་ལེ་ཚན་ལ་བལྟས་པ་དང་། རྩ་ཁྲིམས་སློབ་པ་དང་རྩ་ཁྲིམས་ལ་རྒྱུས་ལོན་བྱེད་པའི་སྤྱི་ཕན་འཆད་ཁྲིད་དང་མཚོ་སྔོན་གྱི་བཅའ་ཁྲིམས་ཁྱབ་གདལ་བྱ་འགུལ་ཁྲོད་ཞུགས་ནས། བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་དུ་བཏང་བ་དང་། ལས་བྱེད་པ་དང་ལས་བཟོ་བའི་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་ལྟར་འགན་སྒྲུབ་བྱེད་པའི་ནུས་པ་ཇེ་མཐོར་བཏང་།

ལས་ཁུངས་སྐོར་ཞིག་གིས་རང་སྟེང་གི་ལས་སྒོར་ཟུང་འབྲེལ་བྱས་ནས། རྩ་ཁྲིམས་དྲིལ་སྒྲོག་བྱེད་པའི་ཁྲོད་ལས་རིགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་སློབ་སྦྱོང་དང་དྲིལ་སྒྲོག་མཉམ་བསྲེས་བྱས། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་རང་བྱུང་ཐོན་ཁུངས་མ་ལག་གི་སྐྱེ་ཁམས་དཔལ་ཡོན་གྱི་འཆད་ཁྲིད་བསྡུས་ནས། གསར་དུ་བཟོ་བཅོས་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏེར་ཐོན་ཐོན་ཁུངས་བཅའ་ཁྲིམས་གཅིག་བསྡུས་སྒོས་སློབ་སྦྱོང་བྱས་པ་དང་། མ་ལག་ནང་གི་ལས་བྱེད་མི་སྣས་ཁྲིམས་ལྟར་སྲིད་འཛིན་པའི་ཆུ་ཚད་ཇེ་མཐོར་བཏང་། ཞིང་ཆེན་མེ་གསོད་མྱུར་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མེ་གསོད་བདེ་འཇགས་ཚང་མས་གླེང་ཞེས་པ་དང་མེ་གསོད་སྤྱི་ཕན་སོགས་ཀྱི་བྱ་འགུལ་སྤེལ་ནས། ཏང་སྲིད་ལས་ཁུངས་དང་ལས་རིགས་སྡེ་ཁག་རྩ་འཛུགས་བྱས་ཏེ་མེ་གསོད་བདེ་འཇགས་ཀྱི་ཉེན་བརྡའི་སློབ་གསོ་གློག་བརྙན་ལ་བལྟ་རུ་བཅུག་པ་དང་། མེ་གསོད་བདེ་འཇགས་ཀྱི་འགན་འཁྲི་འདུ་ཤེས་ཇེ་བརྟན་དུ་བཏང་།

བྱ་འགུལ་ལ་ཞུགས་པའི་ལས་བྱེད་པ་དང་ལས་བཟོ་བས། རྩ་ཁྲིམས་ལས་ཁུངས་སུ་བསྐྱོད་པའི་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་མང་བ་དང་། ཚང་མས་རྩ་ཁྲིམས་ལ་རྒྱུས་ལོན་ཟབ་མོ་བྱེད་དུ་བཅུག་ལ། རྗེས་ཕྱོགས་སུ་རྩ་ཁྲིམས་ཀྱི་སྙིང་སྟོབས་ཉིན་རྒྱུན་གྱི་བྱ་བའི་ཁྲོད་འདྲེས་པར་བྱས་ཏེ། ཁྲིམས་སྐྱོང་གི་འདུ་ཤེས་ལ་བརྟེན་ནས་ལས་དོན་སྣ་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཐད་སྟོབས་ཤུགས་འབུལ་རྒྱུ་ཡིན་པའི་ཚུལ་བསྟན།

རིན་ཆེན་མཚོས་བསྒྱུར།