ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། མཚོ་སྔོན་གྱིས་སློབ་རའི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་ཆེད་དོན་གདན་ཞུའི་ཚོགས་འདུ་ཡུན་ནན་ཞིང་ཆེན་ཁུན་མིན་གྲོང་ཁྱེར་དུ་བསྡུས་པ་དང་། ཚོགས་སྒྲིག་རྣམ་པའི་ཤེས་ལྡན་པ་ནང་འདྲེན་བྱེད་པའི་བྱ་འགུལ་ཉིས་སྟོང་ཉེར་བཞི་ལོའི་ལོ་སྨད་དུ་དངོས་སུ་སྤེལ་འགོ་ཚུགས། རྒྱུས་ལོན་བྱས་པ་ལྟར་ན། རང་ཞིང་གི་ཁྱོན་སྡོམ་གཙོ་གནད་ཁེ་ལས་དང་དོན་གཉེར་སྡེ་ཁག་བརྒྱ་དང་བརྒྱད་ལྷག་ཞུགས་ཡོད་ལ། དེའི་ཁྲོད་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་འདོག་རྩིས་ནུས། སྨན་བཅོས་སློབ་གསོ། ཁྱད་ལྡན་ཞིང་ཕྱུགས་ལས་སོགས་ལས་རིགས་ཁྱབ་ཁོངས་མང་པོ་ཚུད་ཡོད། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་།ཐོན་ལས་ཀྱི་གནས་བཞི་འཛུགས་བསྐྲུན། ལྗང་འདོག་རྩིས་ནུས་འཕེལ་རྒྱས་ལ་ཉེ་བར་མཁོ་བའི་མཐོ་རིམ་མཐར་ཕྱིན་སློབ་མ་ཕུལ་བྱུང་ཅན་ནང་འདྲེན་བྱེད་ཆེད་ལས་གནས་སྟོང་གཅིག་ལྷག་འདོན་སྤྲོད་བྱས་ཡོད།
ཐེངས་འདིའི་བྱ་འགུལ་ཁྲོད་། མཚོ་སྔོན་ཞིང་ཆེན་ཏང་ཨའི་འཇོན་མིའི་ལས་དོན་ཁང་གིས་ཡུལ་དངོས་དང་ཐད་གཏོང་ཟུང་འབྲེལ་སྒོས་ཤེས་ལྡན་མི་སྣ་འོས་སྦྱོར་མཁན་གསར་འཛུགས་བྱས། དྲ་ཐོག་དང་ཡུལ་དངོས་གཉིས་ནས་དུས་མཉམ་དུ་འཇོན་མི་ནང་འདྲེན་གྱི་སྲིད་ཇུས་དང་ལས་གནས་གནས་ཀྱི་དགོས་མཁོ། འཕེལ་རྒྱས་ཀྱི་དགེ་མཚན་སོགས་འོས་སྤྱོར་བྱས་ནས། ལས་འཚོལ་བ་དག་ལ་ཕུན་སུམ་ཚོགས་པའི་ཞབས་ཞུ་དང་སྟབས་བདེ་བསྐྲུན་ཡོད་པར་མ་ཟད། སློབ་རའི་འཇོན་མི་ནང་འདྲེན་གྱི་བྱ་བའི་སྟབས་བདེ་རང་བཞིན་དང་མཉམ་འགུལ་རང་བཞིན་སྔར་ལས་ཤུགས་ཆེར་བཏང་ཡོད། སྡོམ་རྩིས་བྱས་པ་ལྟར་ན། མཚོ་སྔོན་ཉིན་རེའི་ཚགས་པར་དང་མཚོ་སྔོན་གསར་འགྱུར་མཉམ་སྒྲོག། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་ཁྲོམ་ར་སོགས་དྲྭ་ཐོག་གི་སྟེགས་བུ་ལ་རྟེན་ནས། ཁུན་མིན་གྲོང་ཁྱེར་གྱི་ཆེད་དོན་གདན་ཞུའི་ཚོགས་འདུའི་ཐད་གཏོང་བྱ་འགུལ་གྱི་དྲྭ་ལམ་ལྟ་མཁན་མི་ཁྲི་བདུན་དང་སྟོང་གཅིག་དང་ཉིས་བརྒྱ་ཟིན་ཡོད།
ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་འཇོན་མི་སྟོབས་ཆེར་གཏོང་བའི་འཐབ་ཇུས་ཤུགས་ཆེན་པས་ལག་བསྟར་བྱས་ཡོད་ལ། མུ་མཐུད་དུ་འཇོན་མི་རྒྱ་བསྐྱེད་ཀྱི་ཁོར་ཡུག་ལེགས་བསྒྱུར་བྱས། ལོ་རེར་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་གསུམ་ལྷག་བཏང་ནས་མཚོ་སྔོན་ཀྱི་མཁས་པ་དང་ཚད་མཐོའི་གསར་གཏོད་ལས་སྐྲུན་གྱི་འཇོན་མི་སོགས་འཇོན་མིའི་འཆར་གཞི་དགུ་ལྷག་ལག་བསྟར་བྱས་ཡོད། འཇོན་ཐང་ཅན་གྱི་མི་སྣ་དག་དཀའ་ཁག་ཆེ་པའི་མཐའ་འཁོབ་དང་གཞི་རིམ་ལས་ཡུལ་དང་པོར་བསྐྱོད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་དོན་ཚན་སོ་དགུ་བཏོན། ཞིང་ཆེན་ཕྱི་ནང་གི་རྒྱ་ཆེའི་འཇོན་མི་དག་མཚོ་སྔོན་ལ་ཡོང་ནས་ལས་སྒྲུབ་ལས་སྐྲུན་ལ་སྐུལ་འདེད་སྣེ་ཁྲིད་དང་། དུས་ཚོད་ལས་གྲུབ་འབྲས་གཙོ་བའི་དཔྱད་ཞིབ་དོ་དམ་གདེང་འཇོག་བྱེད་ཐབས་བཙུགས་ནས། མཐོ་རིམ་འཇོན་མི་ནང་འདྲེན་དང་ལས་ཐོབ་ཞིབ་དཔྱད་ཀྱི་ལྗང་འདོག་བགྲོད་ལམ་བཏོད་པ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་འཇོན་མི་ཤེས་རྟོགས་དང་། དགའ་ཞེན། བརྩི་འཇོག བེད་སྤྱོད་བཅས་བྱེད་པའི་སྣང་ཚུལ་ཡག་པོ་བསྐྲུན་ཡོད། 2019ལོ་ནས་བཟུང་། རང་ཞིང་གིས་སློབ་རའི་འཇོན་མི་ནང་འདྲེན་བྱེད་པའི་བྱ་འགུལ་གསར་བསྒྱུར་བྱས་ཏེ། རང་འགུལ་གྱིས་འཇོན་མི་ནང་འདྲེན་བྱེད་པའི་རྣམ་པར་བསྒྱུར་བ་དང་། མི་སྒེར་རྣམ་པ་དེ་ཐུན་མོང་རྣམ་པར་བསྒྱུར་བ། འཇོན་མིར་སྒུག་པ་ནས་གདན་ཞུའི་རྣམ་པར་བསྒྱུར་ཡོད། བསྟུན་མར་ལོ་དྲུག་ལ་མི་སྤྱོད་ལས་ཁུངས་དྲུག་བརྒྱ་དང་ང་ལྔ་རྩ་འཛུགས་བྱས་ཏེ། ཚོགས་སྒྲིག་རྣམ་པས་པེ་ཅིང་དང་ཧང་ཀྲིག། ཅིས་ནན། ཀྲིན་ཀྲིག། ཞི་ཨན། ལན་ཀྲུ་སོགས་གྲོང་ཁྱེར་བཅུ་གཉིས་ལ་སོང་ནས་སློབ་རའི་འཇོན་མི་ནང་འདྲེན་གྱི་ཆེད་དོན་བྱ་འགུལ་སུམ་ཅུ་ལྷག་སྤེལ། རིམ་རྕིས་བྱས་ན་སྐབས་དེའི་མཐར་ཕྱིན་སློབ་མ་སྟོང་བཞི་ལྷག་ནང་འདྲེན་བྱས་ཡོད་ལ། དེའི་ཁྲོད་འབུམ་རིམས་པ་བརྒྱད་བརྒྱ་ལྷག་ཡོད། དེས་མི་སྤྱོད་ལས་ཁུངས་ཀྱི་འཇོན་མི་དཀོན་པའི་གནོན་ཤུགས་སེལ་བར་ནུས་པ་གལ་ཆེན་ཐོན་ཡོད།
རྒྱས་ལོན་བྱས་པ་ལྟར་ན། མཚོ་སྔོན་གྱི་སློབ་རའི་འཇོན་མི་ནང་འདྲེན་བྱེད་པའི་ཆེད་དོན་ཚོགས་འདུ་ཟླ་བཅུ་གཉིས་པའི་ཚེས་ལྔ་དང་ཚེས་བདུན། ཚེས་དགུ་བཅས་ལ་ཁྲུང་ཆེན་དང་ཞི་ཨན། ལན་ཀྲུ་བཅས་ལ་སྤེལ་རྒྱུ་ཡིན་ལ། དྲྭ་ལམ་ཐད་གཏོང་ཀྱི་བྱ་འགུལ་ཡང་དུས་མཉམ་དུ་སྤེལ་རྒྱུ་རེད།
ཁོན་ཐར་དབང་རྒྱལ་དང་ཏིང་འཛིན་མཚོ་མོས་བསྒྱུར།