ཟླ12པའི་ཚེས6ཉིན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྤྱིའི་བཟོ་ཚོགས། ཞིང་ཆེན་ཚན་རིག་མཐུན་ཚོགས། ཞིང་ཆེན་གནམ་གཤིས་ཅུའུ་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་འགན་སྒྲུབ་བྱས་པའི་སྐབས་ལྔ་པའི“མཚོ་སྔོན་གྱི་མིག་དཔེ”ཞེས་པའི་དྲིལ་སྒྲོག་ཡོངས་བསྒྲགས་བྱ་འགུལ་ཟི་ལིང་དུ་སྤེལ།
ཐེངས་འདིའི་བྱ་འགུལ་སྟེང་ཚོགས་པ་གཅིག་དང་མི་སྒེར་གསུམ་ཁྱབ་བསྒྲགས་བྱས་པ་སྟེ། ཀྲུང་གོའི་རླུང་ཁམས་ཆེན་མོའི་རྩ་བའི་གཞི་གྲངས་ཚད་གཞིའི་ལྟ་སྐོར་ཁང་དུ། ལོ་ངོ30ཡི་རིང་ཝ་ལི་ཀོན་གྱིས་མི་རབས་ནས་མི་རབས་བར་མཐོ་སྒང་དུ་བརྟན་སྲུང་བྱས་ཏེ། བློ་རྩེ་གཅིག་ཏུ་གཞོལ་བ་དང་གཟབ་ནན་ཞིབ་ཚགས་ཀྱིས“ཝ་ལི་ཀོན་གྱི་འཁྱོག་ཐིག”ཇུས་འགོད་བྱས་ནས་འཛམ་གླིང་གནམ་གཤིས་བཅོས་སྐྱོང་ལ་རམ་འདེགས་བྱས། ཞིང་ཆེན་ས་གཤིས་གཏེར་ཐོན་རྩད་ཞིབ་གསར་སྤེལ་ཅུའུ་ཡི་སྤྱི་ཁྱབ་བཟོ་སྐྲུན་པ་ཕན་ཐུང་གིས་ལོ་ངོ་སོ་དྲུག་ཉིན་གཅིག་ལྟར་སྣང་ནས་ས་གཞི་ཆེན་མོར་ཚད་འཇལ་དང་མིག་ཟུང་ལ་བརྟེན་ནས་གཏེར་འཚོལ་ཞིབ་བྱས་ཏེ། རྒྱུན་ཆད་མེད་པར་སློབ་སྦྱོང་དང་འཚོལ་ཞིབ། ལག་ལེན་གསར་གཏོད་བྱས་པ་བརྒྱུད། གཏེར་ཆགས་རྒྱུད་གཙོ་བོའི་གཏེར་ཐོན་རྩད་ཞིབ་ཀྱི་ལག་རྩལ་དང་བྱ་ཐབས་ཐག་གཅོད་བྱས་ནས། མདོ་དབུས་མཐོ་སྒང་བྱང་རྒྱུད་གཏེར་ཐོན་གྱི་གདེང་འཇོག་གཞུང་ལུགས་གསར་གཏོད་ལ་སྣེ་ཁྲིད་བྱས། ཡུས་ཧྲུའུ་ཁུལ་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རིན་སུང་རིན་ཏི་ཡིས་ཡུས་ཧྲུའུ་རུ་ལོ་ངོ་སོ་བརྒྱད་ལ་བྱ་བ་སྒྲུབ་ནས་མཐོ་སྒང་གི་ཕྱུགས་ལས་ཚན་ཞིབ་ལ་བརྩེ་སེམས་བཅངས་ཏེ། ནོར་གནག་ཞིབ་འཇུག་གི་སྟོང་ཆ་གསབ་པ་དང་སྐྱེ་ཁམས་གསོ་སྤེལ་གྱི་འགལ་བ་དང་དཀའ་གནད་བསལ་ནས། དད་སེམས་བརྟན་པོ་དང་འགན་འཁྲི་འཁུར་ཕོད་པའི་ཐོག་ནས་འབྲོག་པའི་ཡོང་འབབ་འཕར་སྣོན་བྱས་ཏེ་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས། རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཆ་ཚང་སློབ་འབྲིང་གཉིས་པའི་དགེ་རྒན་གཡང་མོ་སྐྱིད་ཀྱིས་ལོ་ངོ་ཉེར་བརྒྱད་རིང་དཀའ་ངལ་ཡོད་པའི་སློབ་མ་དགུ་སྔ་རྗེས་སུ་ཁྱིམ་དུ་བཟུང་ནས་གཅེས་སྐྱོང་དང་གསོ་སྐྱོང་ཞིབ་མོ་བྱས་པ་མ་ཟད། སྤྱི་ཚོགས་ལས་རིགས་སོ་སོའི་སྣེ་ཁྲིད་དེ་དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་བྱས་ནས། བསྡོམས་པས་སློབ་མ334ལ་རོགས་དངུལ་བྱིན་པ་དང་རོགས་དངུལ་སྒོར་འབུམ་བརྒྱད་ལྷག་ལ་སླེབས་ཡོད།
བྱ་འགུལ་དེ་གཟུགས་བརྙན་གྱི་ལོ་རྒྱུས་དང་། གཏམ་རྒྱུད་གཅིག་སྡུད། སྣང་བརྙན་ཅན་བཅས་ཀྱི་རྣམ་པའི་ཐོག་ནས“མཚོ་སྔོན་གྱི་མིག་དཔེ”ལས་ཡུལ་ནས་བརྙན་རིས་ཀྱི“སྟེགས་བུར”སྤོས་ཏེ། ཚང་མར་མིག་དཔེའི་རྒྱབ་ཕྱོགས་ཀྱི་ལམ་བུ་ཤེས་རྟོགས་ཟབ་མོ་བྱེད་དུ་བཅུག དེ་དང་ཆབས་ཅིག “མཚོ་སྔོན་གྱི་མིག་དཔེ”གར་སྟེགས་སུ་བསྐྱོད་ནས་རང་ཉིད་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་པ་དང་ལྟད་མོ་བ་ཚོས་མི་སེམས་འགུལ་བའི་གཏམ་རྒྱུད་མཉམ་སྤྱོད་བྱས། ལྟད་མོ་བས་གཏམ་བཤད་སྐབས་ཁོ་ཚོས་བྱ་སྤྱོད་ལ་བརྟེན་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་དུ་བསྟར་བ་དང་། འགན་འཁྲི་འཁུར་ཕོད་པའི་བསམ་པའི་ཉམས་འགྱུར་མངོན་པ་ཚོར་བྱུང་བས་ཡུལ་དངོས་སུ་ཡང་ཡང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས།
“མཚོ་སྔོན་གྱི་མིག་དཔེ”དྲིལ་སྒྲོག་དང་ཡོངས་བསྒྲགས་བྱེད་པའི་དམིགས་ཡུལ་ནི་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཚོས་སྔོན་ཐོན་ལ་སློབ་སྦྱོང་དང་། བྱ་བ་སྒྲུབ་པ། མཐུན་སྒྲིལ་ལ་སྣང་ཆེན་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་ཁྲིད་སྟོན་བྱེད་པ་དང་། སྤྱི་ཚོགས་ཀྱི་ཀུན་སྤྱོད་དར་སྲོལ་བཟང་པོ་སྐྱེད་སྲིང་བྱེད་པ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས“མཚོ་སྔོན་ལ་ཤེས་རྟོགས་དང་། མཚོ་སྔོན་ལ་དགའ་ཞེན་བྱེད་པ། མཚོ་སྔོན་དར་སྤེལ་གཏོང་བ”བཅས་ཀྱི་སྤྲོ་སེམས་འཕེལ་བར་བྱེད་པ། འགན་འཁྲི་ཁུར་ཕོད་པའི་ངང་དངོས་སྒྲུབ་དང་བྱས་རྗེས་འཇོག་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་རེད།
རྒྱུས་ལོན་པ་ལྟར་ན། བྱ་འགུལ་གྱི་ལེ་ཚན་དེ་ཉེ་ལམ་མཚོ་སྔོན་བརྙན་འཕྲིན་ཁང་གི་ལེ་ཚན་ལས་སྟོན་རྒྱུ་རེད།
ཤ་བོ་རིན་མཚོས་བསྒྱུར།