ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་རང་ཞིང་གི་སྨན་རྫས་ཁེ་ལས་ཀྱི་གློ་བུར་ཞིབ་བཤེར་ཁྲོད་རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱས་པར་ལྟ་སྐུལ་ཞིབ་བཤེར་བྱས།
2024.12.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡི་ལྟ་སྐུལ་ཚན་ཆུང་འབྲེལ་ཡོད་ཁེ་ལས་ལ་སོང་ནས་ཡུལ་དངོས་ལྟ་ཞིབ་བྱས་ནས། 2024ལོའི་སྨན་རྫས་ཐོན་སྐྱེད་ཁེ་ལས་ཀྱི་དུས་ངེས་མེད་ཀྱི་གློ་བུར་ཞིབ་བཤེར་ཁྲོད་རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པར་སྐུལ་འདེད་བཏང་།

ལྟ་སྐུལ་ཚན་ཆུང་གིས་མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་རྣམ་པ་སྤྱད་དེ་ཁེ་ལས་སུ་སོང་ནས། སྔོན་དུས་ཀྱི་དུས་ངེས་མེད་ཀྱི་གློ་བུར་ཞིབ་བཤེར་ཁྲོད་རྙེད་པའི་གནད་དོན་ལ་དག་ཐེར་ལེགས་བཅོས་བྱེད་པའི་གནས་ཚུལ་ཐད་ནས་ལྟ་སྐུལ་བྱས་པ་དང་། ཡུལ་དངོས་ནས་དག་གཙང་ཁུལ་གྱི་བསྒྱུར་བཀོད་དང་། ཐོན་སྐྱེད་དང་ཞིབ་དཔྱད་སྒྲིག་ཆས་གསར་སྣོན། རྒྱུ་ཆས་མཛོད་ཁང་ཚད་ལྡན་བཀོད་སྒྲིག་སོགས་ཀྱི་དག་ཐེར་ལས་གཞི་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་ལ། དག་ཐེར་ལེགས་བཅོས་ཀྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་མིན་དང་དག་ཐེར་ནང་དོན་ཆ་ཚང་མིན། དག་ཐེར་གོ་རིམ་ཚད་ལྡན་ཡིན་མིན་བཅས་ལ་ཞིབ་བཤེར་ནན་མོ་བྱས། ཁེ་ལས་ཐད་ཀྱི་གནད་དོན་དང་དཀའ་ཁག་ལ་རྒྱུས་ལོན་བྱས་ནས། ཁེ་ལས་ཀྱི་དག་ཐེར་ལེགས་བཅོས་བྱ་བའི་ཐད་ནས་རེ་བ་ནན་མོ་བཏོན་པ་དང་། གཙོ་གཞི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། ནང་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་བྱས། བདེ་འཇགས་ཉེན་ཁར་གྲལ་བཤེར་ནན་མོ་བྱས་པ་དང་། རེ་རེ་བཞིན་དག་ཐེར་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱི་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་།

རིན་ཆེན་མཚོས་བསྒྱུར།