ཟླ12ཚེས3ཉིན། གསར་འགོད་པས་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་ཅུའུ་དེས་ད་ལོར་ལག་བསྟར་བྱས་པའི་ལས་གཞི8ལ་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་ཐོབ་པར་མ་ཟད། དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་སྒུལ་ཤུགས་གསར་པ་བསྩལ།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་ལེགས་འགྲུབ་བྱུང་བའི་ལས་གཞིའི་ནང་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་དང་། ཆེད་ལས་སྒྲིག་ཆས་ཉོ་སྒྲུབ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། རྨང་གཞིའི་ཚན་རིག་ཞིབ་འཇུག རང་བྱུང་ཐོན་ཁུངས་ལྟ་ཞིབ་ཚད་ལེན་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་དང་། དེར་ཁྱོན་སྡོམ་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གཅིག་བཏང་ཡོད། ལས་གཞི་ལག་བསྟར་བྱེད་པའི་ཁྲོད། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ཡིས་ཐོག་མཐའ་བར་གསུམ་ཏུ་གཏན་འབེབས་བླང་བྱ་སྣ་ཚོགས་ལག་བསྟར་ནན་མོ་བྱས་ཏེ། བྱ་བའི་རྒྱུན་ལྡན་གྱི་ཚོགས་འདུ་བརྒྱུད་དེ་ལས་དོན་གྱི་འཕེལ་རིམ་བརྡ་ཁྱབ་བཏང་ནས་འགག་སྒྲོལ་གྱི་ཁ་ཕྱོགས་གཏན་འཁེལ་བྱས་པ་དང་དུས་ངེས་མེད་དུ་འཛུགས་སྐྲུན་ཁྲོད་ཞུགས་པའི་སྡེ་ཁག་རྩ་འཛུགས་བྱས་ཏེ་སྐུལ་སྤེལ་ཚོགས་འདུ་བསྡུས་ནས་དཀའ་གནད་ལ་དབྱེ་ཞིབ་ཐག་གཅོད་དང་། ལས་གཞིའི་འཕེལ་རིམ་དམ་འཛིན་བྱས་པ་དང་ཆབས་ཅིག ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་དང་བརྒྱུད་རིམ་ལྟར་བརྗེ་རེས་དང་མཐུན་སྦྱོར་ལེགས་པོ་བྱས་ཏེ། ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་དང་ཐོ་འགོད་སྙན་སེང་ཞུ་བའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།
མིག་སྔར་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུབ་སྐྱོང་ཁུལ་གྱི་ས་ཁོངས་ནང་ལག་བསྟར་བྱས་པའི2023ལོའི་ལོ་འཁོར་གྱི་ཀྲུང་དབྱང་ནགས་ལས་དང་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་མ་དངུལ་ལས་གཞིའི་ཁྲོད་འཆར་འགོད་བྱས་པའི་བུ་ཧ་ཆུ་འགྲམ་གྱི་སྐྱེ་ཁམས་སླར་གསོ་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་བརྟག་དཔྱད། བརླན་སའི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་ཉོ་སྒྲུབ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ནུས་པ་འཛུགས་སྐྲུན་སོགས་ཀྱི་ལས་གཞི་དེ། ཟླ་གཉིས་ཙམ་གྱི་རིང་ལ་འཕེལ་རིམ་འགག་སྒྲོལ་བྱས་པ་བརྒྱུད། ཚང་མ་མཇུག་བསྒྲིལ་བའི་དུས་རིམ་དུ་སླེབས་ནས། ཉེ་དུས་རང་བཤེར་ཞིབ་བཤེར་རྩིས་ལེན་དང་དེ་མིན་ཆེད་མཁས་པའི་དཔྱད་ཞིབ་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུ་ཡིན་པ་དང་། མཚོ་སྔོན་པོའི་སྐྱེ་ཁམས་དྲ་རྒྱའི་ཤེས་ཚོར་ལྟ་ཞིབ་ཚད་ལེན་གྱི་རྨང་གཞིའི་ལས་སྟེགས་དང་། མཚོ་སྔོན་པོའི་བྱ་གླིང་རྒྱལ་སྤྱིའི་བརླན་ས་གལ་ཆེན་ཉམས་གསོའི་ཇུས་གཞི་སོགས་ཀྱི་ལས་གཞི་མཇུག་བསྒྲིལ་བའི་དུས་རིམ་དུ་སླེབས་ནས། ལས་འགན་ཚང་མ་འཆར་གཞི་ལྟར་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།