ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མ་དངུལ་བརྩོན་ལེན་བྱས་ནས་ཞིང་ཆེན་ཡོངས་ཀྱི་མང་ཚོགས་འབུམ་གསུམ་དང་ཁྲི་ལྔར་མཐའ་ཁུལ་འཚོང་ཇ་ཉོ་སྒྲུབ་བྱས།
2024.12.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

ཟླ12པའི་ཚེས6ཉིན། གསར་འགོད་པས་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2024ལོར། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་ནོར་སྲིད་ཀྱི་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་བྱེད་པ་དང་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་ལས་འགན་ཐད་ཁ་གསབ་བྱེད་པའི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་གསུམ་ཁྲི་བརྒྱད་དང་སྟོང་ལྔ་བརྩོན་ལེན་བྱས་ནས། ཧྥུལ་ཉུང་མཐའ་ཁུལ་འཚོང་ཇ་ཏུན་ལྔ་བརྒྱ་ལྷག་ཉོ་སྒྲུབ་བྱས་པར་མ་ཟད། གྲོང་ཁྱེར་དང་ཁུལ་བརྒྱད་དང་རྫོང་དང་གྲོང་ཁྱེར་སོ་དགུ་ཡི་མང་ཚོགས་འབུམ་གསུམ་དང་ཁྲི་ལྔར་རིན་མ་བླངས་པར་འཐུང་ཇ་བྱིན་ནས། ས་གནས་རང་བཞིན་གྱི་ཧྥུལ་ཉུང་ནད་འབྱུང་བ་དང་མཆེད་པར་བཀག་འགོག་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བསམ་བློའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་།

ད་ལོར། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་མ་དངུལ་གྱི་བགོ་བཤའ་འཆར་གཞི་གཏན་འབེབས་བྱེད་སྐབས། འཐུང་ཇ་ཁྱིམ་ཚང་དུ་སྐྱེལ་རྒྱུ་དེ་མི་རིགས་བྱ་བའི་ལས་འགན་གཙོ་བོར་བརྩིས་ནས་ཚད་ལེན་ཞིབ་རྩིས་བྱས་པ་དང་། ས་ཆ་སོ་སོས་འཐུང་ཇ་ཁྱིམ་ཚང་དུ་སྐྱེལ་རྒྱུ་དེ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བྱེད་པ་དང་གྲོང་གསེབ་དར་སྤེལ་གཉིན་ཕན་ཡོད་སྦྲེལ་མཐུད་བྱེད་པའི་ལས་གཞིའི་མཛོད་ཀྱི་འཇོག་པར་ཁྲིད་སྟོན་དང་སྐུལ་མ་བྱས་ལ། ཧྥུལ་ཉུང་འཐུང་ཇ་ནི་བདེ་ཐང་གི་འཐུང་ཇ་ཡིན་པ་དང་། ཇ་འཐུང་ན་ཧྥུལ་ཉུང་ཇ་འཐུང་ཞེས་པ་སོགས་ཀྱི་དྲིལ་སྒྲོག་སྦྱར་ཡིག་སྒྲིག་བཟོ་པར་འགྲེམས་བྱེད་པའི་རྣམ་པ་བརྒྱུད་དེ།  འཐུང་ཇའི་རིགས་ཀྱི་ས་གནས་རང་བཞིན་གྱི་ཧྥུལ་ཉུང་ནད་རིགས་འགོག་བཅོས་བྱེད་པའི་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་དང་འཐུང་ཇའི་བདེ་འཇགས་སློབ་གསོ་སྤེལ་ནས། རིགས་སོ་སོའི་མང་ཚོགས་ཁྲོད་བདེ་འཇགས་ངང་ཇ་འཐུང་བའི་དར་སྲོལ་གསར་བ་ཆགས་པར་སྣེ་ཁྲིད་བྱས། གྲོང་ཁྱེར་དང་ཁུལ། རྫོང་དང་གྲོང་ཁྱེར་སོ་སོའི་མི་རིགས་ཆོས་ལུགས་བྱ་བའི་སྡེ་ཁག་གིས་ཧྥུལ་ཉུང་མཐའ་ཁུལ་འཚོང་ཇ་སྟེར་བའི་མཛད་སྒོ་བསྡུས་ཏེ། འཕྲོད་བསྟེན་དང་ཚོང་ར་ལྟ་སྐུལ་དོ་དམ་སོགས་ཀྱི་སྡེ་ཁག་གདན་ཞུ་བྱས་ནས་ཡུལ་དངོས་ནས་འཐུང་ཇའི་རིགས་ཀྱི་ཧྥུལ་ཉུང་ནད་སྔོན་འགོག་གི་བྱེད་ཐབས་འགྲེལ་བཤད་གསལ་བོ་བྱས་ནས། མང་ཚོགས་ཀྱིས་ཧྥུལ་ཚད་ལས་བརྒལ་ན་མིའི་ལུས་ཕུང་ལ་གནོད་བཟོ་བར་རྒྱུས་ལོན་བྱེད་དུ་བཅུག་པ་དང་། མང་ཚོགས་ཀྱིས་ཧྥུལ་ཉུང་མཐའ་ཁུལ་འཚོང་ཇ་འཐུང་བའི་འདུ་ཤེས་ཇེ་མཐོར་བཏང་ལ། དྲིལ་སྒྲོག་གི་སྣེ་ཁྲིད་བྱེད་ནུས་རྒྱ་སྐྱེད་པ་དང་། བདེ་འཇགས་ངང་ཇ་འཐུང་བའི་སྤྱི་ཚོགས་ཀྱི་གླེང་ཕྱོགས་སྣང་ཚུལ་གྲུབ་པར་བྱས་ཤིང་། མཐའ་མཚམས་འབྲོག་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་ཇེ་མཐོར་བཏང་བ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱི་ཏང་དང་སྲིད་གཞུང་གི་ངོས་ལེན་ཚད་སྔར་ལས་ཇེ་མཐོར་བཏང་ལ། ཧྥུལ་ཉུང་མཐའ་ཀུལ་འཚོང་ཇ་ནང་ལོགས་ནས་ཐོན་སྐྱེད་བྱེད་པ་དང་མཐའ་མཚམས་སུ་འཚོང་བའི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་གོ་དོན་ཇེ་ཟབ་ཏུ་བཏང་།

རིན་ཆེན་མཚོས་བསྒྱུར།