མཚོ་སྔོན་ཞིང་ཆེན་གྱིས་གནམ་གཤིས་མི་ལེགས་པར་དོགས་ཟོན་བྱེད་པ་དང་ཁ་གཏད་འཇལ་བའི་བྱ་བ་བཀོད་སྒྲིག་བྱས།
2024.12.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ12པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་གནོད་འགོག་གནོད་སེལ་རྒུད་སྐྱོབ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་སྒྲིག་འཛུགས་བྱས་ནས་གནམ་གཤིས་མི་ལེགས་པར་དོགས་ཟོན་བྱེད་པ་དང་ཁ་གཏད་འཇལ་བའི་བྱ་བའི་བརྙན་རིས་བཀོད་གཏོང་ཚོགས་འདུ་བསྡུས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཟླ12པའི་ཚེས8ཉིན་ནས་བཟུང་། རང་ཞིང་ལ་ཁངས་བབས་ནས་དྲོད་ཚད་ཇེ་དམར་སོང་བ་དང་། ཐེངས་འདིར་ཁངས་བབས་པའི་ཁྱབ་ཁོངས་ཆེ་ལ་དྲོད་ཚད་མར་ཆག་ཚད་ཆེ་བས། ས་ཁུལ་སོ་སོའི་ནུས་ཁུངས་མཁོ་འདོན་དང་བགྲོད་ལམ་འགྲིམ་འགྲུལ། ཞིང་ཕྱུགས་ལས་ཐོན་སྐྱེད། གྲོང་ཁྱེར་འཁོར་རྒྱུག མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་བཅས་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློའི་ཤེས་རྟོགས་སྔར་ལས་ཇེ་མཐོར་གཏོང་བ་དང་། བླ་ན་མེད་པ་གཉིས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཁངས་འབབ་པ་དང་དྲོད་ཚད་མར་ཆག་པའི་གནམ་གཤིས་མི་ལེགས་པའི་རྐྱེན་ལས་བྱུང་བའི་གནོད་འཚེ་ལ་དོགས་ཟོན་ནན་མོ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།

ཚོགས་འདུ་ལས། ཁངས་འབབ་པ་དང་དྲོད་ཚད་མར་ཆག་པའི་གནམ་གཤིས་གནོད་འཚེར་གཞིགས་ན། དེར་འབྲེལ་བའི་ལས་རིགས་དང་སྡེ་ཁག་མང་ལ། ཡང་བསྐྱར་གནོད་འཚེ་ཐེབས་ཚད་ཆེ་ཞིང་། དཔལ་འབྱོར་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཚད་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཉེན་ཁའི་འདུ་ཤེས་དང་མ་མཐའི་བསམ་བློར་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། གོ་རིམ་སོ་སོར་དོགས་ཟོན་དང་ཁ་གཏད་འཇལ་བའི་འགན་འཁྲི་བརྟན་པར་བྱེད་ཅིང་། དོགས་ཟོན་དང་ཁ་གཏད་འཇལ་བའི་བྱེད་ཐབས་བཀོད་སྒྲིག་ཞིབ་ཚགས་བཟོས་ཏེ། གནོད་འཚེ་དང་ཉེན་ཁ་དཔྱད་འཇོག་དང་གནས་བབ་ཞིབ་གཅོད། ལས་རེས་ལས་སྲུང་། བཀོད་འདོམས་བཀོད་གཏོང་། མྱུར་སྐྱོབ་རོགས་སྐྱོར། རྒུད་སྐྱོབ་སྐྱོབ་རོགས་སོགས་ཀྱི་བྱ་བ་སྣ་ཚོགས་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབ་དགོས།  ས་ཁུལ་སོ་སོའི་གནོད་འགོག་གནོད་སེལ་རྒུད་སྐྱོབ་དོན་གྲོས་མཐུན་སྦྱོར་ལས་ཁུངས་གཞུང་སྒྲུབ་ཁང་གིས་སྤྱི་འདོམས་མཐུན་སྦྱོར་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས།  ཁངས་འབབ་པ་དང་དྲོད་ཚད་མར་ཆག་པའི་གནམ་གཤིས་གནོད་འཚེའི་ཉེན་ཁར་གྲོས་མོལ་ཞིབ་གཅོད་བྱེད་པ་དང་། གནོད་འགོག་གནོད་སེལ་དང་གནོད་རྗེས་རོགས་སྐྱོབ་བྱ་བར་སྔར་ལས་ཤུགས་སྣོན་དགོས་པའི་བླང་བྱ་བཏོན།

ཚོགས་འདུ་ལས་རིམ་པ་སོ་སོའི་སྡོད་ཁང་འཛུགས་སྐྲུན་དང་སློབ་གསོ། ཞིང་ལས་ཞིང་སྡེ། འགྲིམ་འགྲུལ་སྐྱེལ་འདྲེན། སྤྱི་བདེ་ཉེན་རྟོག རིག་གནས་ཡུལ་སྐོར། རང་བྱུང་ཐོན་ཁུངས། མེ་འགོག་མེ་གསོད། གློག་ཤུགས་སོགས་སྡེ་ཁག་གིས་རང་གི་འགན་ནུས་དང་ཟུང་འབྲེལ་བྱས་ནས། འགག་སྒོ་སྔོན་སྣུར་དང་འགོག་ཁུངས་སྔོན་འགོག་རྒྱུན་འཁྱོངས་བྱེད་པ་དང་། གནོད་འཚེ་ཉེན་ཁའི་ཞིབ་གཅོད་ལ་ཤུགས་སྣོན་བྱེད་ཅིང་། འཕྲལ་བསྟུན་སྔོན་ཇུས་འཐུས་ཚང་བཏང་སྟེ། དོགས་ཟོན་དང་ཁ་གཏད་འཇལ་བའི་བྱེད་ཐབས་སྣ་ཚོགས་དངོས་འབེབས་ནན་མོ་བྱེད་དགོས། ལྷག་པར་དུ་བགྲོད་ལམ་བདེ་འཇགས་དོ་དམ་དང་བརྒལ་ཚད་ཆེ་བའི་བཟོ་བཀོད་ཀྱི་བདེ་འཇགས་དོ་དམ། ནུས་ཁུངས་མཁོ་འདོན་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གནམ་གཤིས་འགྱུར་ལྡོག་ལ་ཧ་ཅང་དོ་སྣང་བྱས་ནས། སྡེ་ཁག་མང་པོའི་གྲོས་མོལ་ཞིབ་གཅོད་ལ་ཤུགས་སྣོན་པ་དང་། དུས་ཐོག་ཏུ་ཆ་འཕྲིན་མཉམ་སྤྱོད་བྱེད་ཅིང་། གཞི་གཅིག་མཉམ་འགུལ་བྱས་ནས་མཉམ་ཤུགས་ཆགས་པར་བྱེད་དགོས། རིགས་སོ་སོའི་འཕྲལ་བསྟུན་རྒུད་སྐྱོད་སྟོབས་ཤུགས་གྲ་སྒྲིག་ལེགས་པོ་བྱེད་པ་དང་། རྒུད་སྐྱོབ་སྟོབས་ཤུགས་དང་དངོས་རྒྱུ་སྔོན་ལ་གྲ་སྒྲིག་བྱས་ནས། གློ་བུར་གནོད་འཚེ་དང་ཉེན་ཁའི་གནས་ཚུལ་བྱུང་ཚེ། ལུགས་མཐུན་རིམ་ལྡན་སྒོས་ཁ་གཏད་འཇལ་བ་དང་ཐག་གཅོད་བྱས་ཏེ། ཚད་ཆེས་ཆེ་བའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་ཐེབས་ཚད་ཇེ་ཆུང་དུ་གཏོང་དགོས་ཞེས་བསྟན།

ལྷ་མོ་འཚོས་བསྒྱུར།