ད་ལོ་ནས་བཟུང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་སློབ་གསོ་དང་། སྨན་བཅོས། ལས་ཞུགས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་དམངས་ཚིས་ལས་གཞི་ལ་ཤུགས་བསྣན་ཏེ། ཕྱོགས་ཡོངས་ནས་དམངས་ཀྱི་འཚོ་བར་བདེ་སྐྱིད་བསྐྲུན་ཡོད། རིམ་རྩིས་བྱས་ན་ད་ལོའི་ཟླ12པའི་ཚེས12ཉིན་བར་དུ། དམངས་ཚིས་འགན་སྲུང་སྐོར་གྱི་ལས་གཞི60ལྷག་མར་བཏང་ཡོད་པ་དང་། མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཅིག་བྱེ་བ་བཞི་ལྷག་བཏང་ནས་དམངས་ཕན་གྱི་ལས་གཞི་ས་སྟེང་དུ་ཁྱབ་པར་བྱས།
སློབ་གསོ་དང་སྨན་བཅོས་ཀྱི་ཁྱབ་ཁོངས་ནས། རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་གྲྭ་བཞི་བའི་འཛུགས་སྐྲུན་དང་། གཅན་ཚ་རྫོང་ཆུ་འདོན་བཟོ་གྲྭའི་ལེགས་བསྒྱུར་ལས་གཞི། རྩེ་ཁོག་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་ལག་རྩལ་ཐོག་ཁང་གི་འཛུགས་སྐྲུན། ཧི་ནན་རྫོང་མི་དམངས་སྨན་ཁང་སྤྱི་ཡོངས་གནས་སྤོའི་ལས་གཞི་སོགས་ལས་གཞི་གལ་ཆེན་སྐོར་ཞིག་འཛུགས་བསྐྲུན་བྱས་ནས་ལས་གཉེར་བྱེད་བཞིན་ཡོད་ལ། ས་གནས་ཀྱི་སློབ་གསོ་དང་སྨན་བཅོས། ཆུ་མཁོ་འདོན་གྱི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱས། རྨ་ལྷོ་ཁུལ་དམངས་ཡོངས་ཀྱི་ལུས་སྦྱོང་ལྟེ་གནས་དང་། སྨན་བཅོས་སྒྲིག་གཞིའི་ཆ་འཕྲིན་ནུས་པ་མཐོར་འདེགས་སུ་གཏོང་བ། ཆུ་འདོན་དྲོད་འདོན་གྱི་གཞུང་དྲ་ལེགས་བསྒྱུར་བྱེད་པ་དང་། སྡོད་ཁུལ་རྙིང་བ་བསྒྱུར་བཀོད་བྱེད་པ། འགན་སྲུང་རང་བཞིན་གྱི་ཆུ་ཁུངས་སོགས་ཀྱི་ལས་གཞི་དག་རིམ་བཞིན་ལས་འགོ་བརྩམས་ནས། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བར་རྨང་གཞི་བརྟན་པོ་བཏིངས།
ཁ་གཏད་རོགས་སྐྱོར་གྱི་ཕྱོགས་ནས། རྨ་ལྷོ་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཐེན་ཅིན་གྱི་རོགས་སྐྲུན་མ་དངུལ་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་བཞི་ལྷག་བཏང་ནས། ཐུན་རིན་གྲོང་ཁྱེར་མགར་རྩེ་ཡུལ་ཚོའི་བཙོག་ཆུ་གཙང་སེལ་བཟོ་གྲྭ་དང་། གཅན་ཚ་རྫོང་ཞིང་གྲོང་གི་རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུའི་སྒྲིག་ཆས་རིམ་འཕར་བསྒྱུར་བཀོད་སོགས་ཀྱི་དམངས་ཕན་ལས་གཞི་དག་བདེ་བླག་ངང་འཛུགས་སྐྲུན་བྱས་པ་དང་། རྨ་ལྷོ་ཁུལ་ལས་ཞུགས་ཅུའུ་དང་མཉམ་སྒྲུབ་ཀྱིས་ཁ་གཏད་རོགས་སྐྱོར་གྱི་གདན་ཞུའི་བྱ་འགུལ་ཐེངས་བཅུ་བཞི་སྤེལ་ནས། ལས་རྐང་ཁྲི་གཅིག་ལྷག་འདོན་སྤྲོད་བྱས། རྨ་ལྷོ་ནས་ཡིན་པའི་མཐོ་རིམ་མཐར་ཕྱིན་སློབ་མ་བཅོ་བརྒྱད་ལྷག་ཕྱོགས་ངེས་སྡུད་ལེན་བྱས་ཏེ་ཐེན་ཅིན་གྲོང་ཁྱེར་པིན་ཧའེ་ཁུལ་གསར་དུ་བྱ་བ་གཉེར་བར་བཏང་། རྨ་ལྷོ་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ཁང་གིས་ཧུར་ཐག་གིས་མཐུན་སྦྱོར་བྱས་པར་བརྟེན། སྨན་པ་གྲགས་ཅན་རྨ་ལྷོ་རུ་བསྐྱོད་པ་ཞེས་པའི་འོས་འགན་སྨན་བཅོས་བྱ་འགུལ་གོ་རིམ་ལྡན་པའི་ངང་སྤེལ་ནས། མི་ཆིག་སྟོང་ལྷག་ལ་ཕན་ཐོགས་པ་དང་། ནད་པ་གོ་དྲུག་ལྷག་གིས་རིན་མེད་གཤགས་བཅོས་ཀྱི་སྨན་བཅོས་དང་ལེན་བྱས།
རྨ་ལྷོ་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས2024ལོའི་ཀྲུང་དབྱང་ནོར་སྲིད་ཀྱི་རྒུད་གསབ་ལས་སྤྲོད་མ་དངུལ་བྱེ་བ་གསུམ་དང་ས་ཡ་ལྔ་འབུམ་བཞི་ལྷག་བརྩོན་ལེན་བྱས་ནས། ཞིང་སྡེའི་ཆུ་ལོག་སྔོན་འགོག་དང་། གཞུང་ལམ་གནོད་སེལ། ཞིང་ཁའི་བགྲོད་ལམ་དང་ཞིང་ཆུ་འདྲེན་པའི་སྒྲིག་ཆས་སོགས་ཀྱི་ལས་གཞི་འཛུགས་སྐྲུན་ཐད་བཀོལ། ས་གནས་ཀྱི་མི་བཞི་བརྒྱ་ཞེ་གཉིས་ལས་གཞི་འཛུགས་སྐྲུན་ནང་ཞུགས་ནས་ངལ་རྩོལ་གླ་ཆ་བླངས་ཡོད་ལ། རྒྱ་ཆེའི་རོང་འབྲོག་མི་དམངས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་རམ་འདེགས་བྱས་ཡོད། དམངས་ཚིས་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་པར་བརྟེན། ས་གནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་དང་བདེ་སྐྱིད་ཀྱི་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་ལ། རྨ་ལྷོ་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།