གསར་འགོད་པས་ཟླ12པའི་ཚེས18ཉིན་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་ཉེན་ཁ་གྲལ་བཤེར་དང་བཅོས་སྐྱོང་བྱེད་པའི་ཆེད་དོན་བྱ་བ་སྤེལ་ནས། དོན་རྐྱེན་གནོད་འཚེའི་ཉེན་ཁ་འགོ་ཁུངས་ནས་བཀག་སྡོམ་ཚོད་འཛིན་བྱེད་པར་ཤུགས་བསྣན་པ་དང་། བདེ་འཇགས་གནས་བབ་ལ་མཐའ་གཅིག་ཏུ་བརྟན་འཇགས་ཚོད་འཛིན་བྱས་ལ། ཟླ11པ་ནས2025ལོའི་ཟླ5པའི་བར་དུ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་ཉེན་ཁ་གྲལ་བཤེར་དང་བཅོས་སྐྱོང་བྱེད་པའི་ཆེད་དོན་བྱ་བ་སྤེལ་རྒྱུ་རེད།
རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་ཆེད་དོན་བྱ་བ་དེ་རང་བཤེར་རང་བཅོས་དང་ལྟ་སྐུལ་ཞིབ་བཤེར། སྤྱི་སྡོམ་མཐོར་འདེགས་བཅས་དུས་རིམ་གསུམ་དུ་དབྱེ་བ་དང་། ས་ཁུལ་སོ་སོ་དང་ལས་རིགས་སྡེ་ཁག་སོ་སོས་ལས་འགན་གཙོ་བོ་གཙིགས་སུ་བཟུང་སྟེ། ལྟ་སྐུལ་ཁྲིམས་བསྟར་མི་སྣ་དང་ཆེད་ལས་ལག་རྩལ་སྟོབས་ཤུགས་རྩ་འཛུགས་བྱས་ནས་ས་ཁུལ་སོ་སོ་དང་ལས་རིགས་ཁྱབ་ཁོངས་སོ་སོའི་ཁེ་ལས། ཡུལ་གནས་གཙོ་བོ་བཅས་ལ་སོང་ནས་ཉེན་ཁ་གྲལ་བཤེར་ཕྱོགས་ཡོངས་ནས་སྤེལ་བ་དང་། ཁེ་ལས་ཀྱིས་བདེ་འཇགས་འགོག་ཟོན་གྱི་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་། མིག་སྔར་ས་ཁུལ་བརྒྱད་དང་ལས་རིགས་སྡེ་ཁག་མང་པོས་ཆེད་དོན་བྱ་བའི་བཀོད་སྒྲིག་ཡོངས་འགྲུབ་བྱས་ནས། ཆེད་དོན་བྱ་བ་དངོས་སུ་སྤེལ་བཞིན་པའི་སྒང་རེད།
དེ་དང་མཉམ་དུ། ཞིང་ཆེན་གྱི་ཐད་གཏོགས་ལས་ཁུངས་བརྒྱད་ཚན་གཙོ་ལས་ཁུངས་སུ་བྱས་པའི་ཕྱོགས་བསྡུས་ལྟ་སྐུལ་ཚན་ཆུང་བཙུགས་པ་དང་། རྩ་བཅོས་མཁྲེགས་གཏོར་འགུལ་སྐྱོད་ཀྱི་སྐོར་ཐེངས་གསུམ་པའི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱ་བར་ཟུང་འབྲེལ་བྱས་ནས། ལོ་མཇུག་ལོ་འགོ་དང་ལུགས་གསར་རྙིང་ལོ་སར་སོགས་དུས་ཆེན་དང་དུས་མཚམས་གཙོ་བོ་གཙིགས་སུ་བཟུང་ནས་ས་ཁུལ་གཙོ་བོ་དང་ལས་རིགས་ཁྱབ་ཁོངས་སུ་ལྟ་སྐུལ་ཞིབ་བཤེར་དང་རོགས་སྐྱོར་མཛུབ་སྟོན་བྱེད་པའི་བྱ་བ་སྤེལ། མིག་སྔར་ཚན་ཆུང་སོ་སོས་བྱ་བ་སྤེལ་འགོ་བརྩམས་པ་དང་། དེའི་ནང་ཞིབ་བཤེར་ཚན་ཆུང་དྲུག་ཡུལ་དངོས་སུ་སོང་ནས་ལྟ་སྐུལ་མཛུབ་སྟོན་བྱས་ལ། ཟླ12པའི་ཟླ་མཇུག་བར་དུ་སྐོར་འདིའི་ལྟ་སྐུལ་མཛུབ་སྟོན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་རྩིས་ཡོད།
དེ་ལས་གཞན། ཅི་ཧྲི་ཧྲན་གྱི་ས་ཡོམ་གནོད་ཐེབས་ཁུལ་དང་ཆུ་རྒྱས་པའི་དུས་སྐབས་ཀྱི་གནོད་ཐེབས་མང་ཚོགས་ཀྱི་ཁང་བ་སྲ་བསྒྱུར་བསྐྱར་འཛུགས་དང་ཕྱིར་སྤོར་ནང་སྡོད་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་ཡང་དག་བྱས་པ་དང་། ཁང་གསར་ནང་སྤར་པའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་དྲོད་འདོན་སོགས་ཕྱོགས་སུ་གནས་པའི་དཀའ་ཁག་དང་གནད་དོན་ཐག་བཅད་ལ། བར་བརྒལ་དུས་སྐབས་ཀྱི་རོགས་སྐྱོབ་སྲིད་ཇུས་ལག་བསྟར་བཟང་བོ་བྱས་ཏེ། གནོད་ཐེབས་མང་ཚོགས་ཀྱི་བདེ་འཇགས་དྲོད་ལྡན་གྱི་དགུན་ཁ་ཞིག་རོལ་ཐུབ་པར་ཁག་ཐེག་བྱས། གོ་རིམ་ལྡན་པའི་སྒོ་ནས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་རོགས་སྐྱོར་བྱ་བ་བཟང་བོར་བསྒྲུབས་པ་དང་། ཁང་ལོག་བསྐྱར་སྐྲུན་ཁྱིམ་ཚང་དང་ལོ་ཏོག་སྡུད་ཆད་ཐེབས་པའི་ཁྱིམ་ཚང་། ཁྱིམ་ཚང་གི་རྒྱུ་ནོར་གྱོང་གུད་ཐེབས་པའི་ཁྱིམ་ཚང་སོགས་མི་ཚོགས་ཀྱི་རོགས་སྐྱོབ་དགོས་མཁོར་དོ་སྣང་བྱས་ལ། དུས་ཐོག་ཏུ་གནོད་ཐེབས་མང་ཚོགས་ཀྱི་དཀའ་ཁག་དངོས་དང་གནད་དོན་དངོས་ཐད་བཅད་དེ། དྲོད་ཁོལ་ལྡན་པའི་དགུན་ཞིག་རོལ་བར་ཁག་ཐེག་བྱས།