2024ལོའི་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དམིགས་འབེན་འགན་འཁྲིའི་གྲུབ་འབྲས་དཔྱད་ཞིབ་བྱ་བའི་མགོ་བརྩམས།
2024.12.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 26

ཟླ12པའི་ཚེས23ཉིན། 2024ལོའི་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དམིགས་འབེན་འགན་འཁྲིའི་གྲུབ་འབྲས་དཔྱད་ཞིབ་བཀོད་སྒྲིག་གྲོས་ཚོགས་ཟི་ལིང་དུ་བསྡུས་པ་དང་། གྲོས་ཚོགས་ལས2024ལོའི་དམིགས་འབེན་གྲུབ་འབྲས་དཔྱད་ཞིབ་བྱ་བར་བཀོད་སྒྲིག་བྱས་ལ། དཔྱད་ཞིབ་ཚན་ཆུང་གི་ཁོངས་མི་སོ་སོར་བྱེད་སྒོའི་གསོ་སྦྱོང་བྱས།

རྒྱུས་ལོན་པ་ལྟར་ན། ད་ལོའི་ལོ་ཧྲིལ་བོའི་ཞིབ་དཔྱད་བྱ་བས་གཞི་རིམ་གྱི་དཔྱད་ཞིབ་ཆེད་དོན་གཙང་སེལ་ཚུལ་ལྡན་བྱ་བ་གནད་ཁེལ་ལེགས་སྒྱུར་བྱེད་པའི་རྨང་གཞིའི་སྟེང་སྔར་ལས་ལེགས་སྒྲིག་བྱས་ཡོད། ཞིང་ཆེན་རིམ་པའི་ངོས་ཐད་ནས་དཔྱད་ཞིང་ལས་དོན་ཁག24མེད་པར་བཟོས་ཤིང་། གྲོང་ཁྱེར་དང་ཁུལ་གྱི་གྲུབ་འབྲས་དམིགས་ཚད་ལོ་སྔོན་མ་ལས་རིགས་སྣ20ཙམ་གྱིས་ཇེ་ཉུང་དུ་བཏང་བ་དང་། ཞིང་ཆེན་གྱིས་རྫོང་ལ་ཁ་གཏད་པའི་ལོ་མཇུག་དཔྱད་ཞིབ་མེད་པར་བཟོས་ནས་གྲོང་ཁྱེར་དང་ཁུལ་སོ་སོས་རྩ་འཛུགས་ལག་བསྟར་བྱ་རྒྱུ། དཔྱད་ཞིབ་བྱ་བའི་བརྒྱུད་རིམ་ལས་གྲོས་ཚོགས་འགན་སྒྲུབ་གོ་རིམ་མེད་པར་བཏང་ཞིང་། དམངས་གཙོའི་དཔྱད་བརྗོད་དུས་ཚོད་དེ་སྐར་མ་སུམ་ཅུའི་ནང་ཇེ་ཉུང་དུ་བཏང་བ་དང་། དཔྱད་ཞིབ་དཔུང་ཁག་གི་མི་གྲངས་མི68ལ་ཇེ་ཉུང་དུ་བཏང་།

2024ལོའི་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དམིགས་འབེན་འགན་འཁྲིའི་གྲུབ་འབྲས་དཔྱད་ཞིབ་བྱ་བས། ཞིང་ཆེན་ཏང་ཨུའི་ལས་བྱེད་པས་སྒྲུབ་དགོས་པ་དང་། རིགས་ལམ་གསལ་དགོས་པ། རང་གཅུན་ནན་དགོས་པའི་བྱ་བའི་བླང་བྱར་དམ་པོར་དམིགས་ཏེ། རྩ་འཛུགས་མ་ལག་འཛུགས་སྐྲུན་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། ཐོན་ལས་ཀྱི་གནས་བཞི་བསྐྲུན་པ་སོགས་བཀོད་སྒྲིག་གལ་ཆེན་ལག་བསྟར་དངོས་འབེབས་བྱས་པའི་གནས་ཚུལ་ལ་གཞིགས་ནས་དཔྱད་ཞིབ་བྱ་རྒྱུ་རེད། དཔྱད་ཞིབ་བྱེད་ཐབས་རྙོག་འཛིང་ནས་སྟབས་བདེ་རུ་བསྒྱུར་ཏེ། དཔྱད་ཞིབ་བྱ་བས་ཏང་ཀྲུང་དབྱང་གི་ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་བའི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དགོས་ངེས་མིན་པའི་ཡུལ་དངོས་དཔྱད་ཞིབ་ཇེ་ཉུང་དུ་གཏོང་བ། གཞི་རིམ་གྱི་ལྟ་ཞིབ་དང་དཔྱད་ཞིབ་དང་ལེན་ཐད་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུ། དཔྱད་འཇོག་གོ་རིམ་ཁྲོད་དྲང་གཞག་འབུར་དུ་ཐོན་པར་བྱེད་པ་དང་། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས། གྲུབ་འབྲས་ལ་མཐོང་ཆེན་བྱེད་པ་མ་ཟད་སྦས་ནུས་ལ་སྔར་ལས་བརྩི་འཇོག་བྱེད་པ། ས་ཆ་སོ་སོ་དང་ལས་ཁུངས་སོ་སོའི་བྱ་བའི་གྲུབ་འབྲས་དང་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ལས་བྱེད་པའི་འགན་སྒྲུབ་རྣམ་འགྱུར་ལ་དྲང་གཞག་ལུགས་མཐུན་གྱིས་དཔྱད་འཇོག་བྱས་ཏེ། དཔྱད་ཞིབ་མཇུག་འབྲས་གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་པར་ཁག་ཐེག་བྱས།

དཔྱད་ཞིབ་ཚན་ཆུང་སོ་སོས་དཔྱད་ཞིབ་བྱ་བའི་ཇུས་གཞིའི་བླང་བྱ་གཞིར་བཟུང་སྟེ། དཔྱད་ཞིབ་སྒྲིག་ཁྲིམས་བརྩི་སྲུང་ནན་མོ་དང་། དཔྱད་ཞིབ་རྣམ་པ་གཟབ་ནན་ཏུ་བཏང་ནས། མཐུན་སྦྱོར་གཅིག་འདོམས་གང་ལེགས་བྱེད་ཅིང་། མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ཏེ། དུས་ལྟར་ཕན་ནུས་མཐོ་བའི་སྒོ་ནས་དཔྱད་ཞིབ་ལས་འགན་ལེགས་འགྲུབ་བྱ་རྒྱུ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།