མཚོ་སྔོན་ལ་རྒྱུས་ལོན་དང་། མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་གཏོང་བ་ཞེས་པའི་ཡུས་ཧྲུའུ་ཡི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།
2024.12.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ12པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་པའི་མཚོ་སྔོན་ལ་རྒྱུས་ལོན་དང་། མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་གཏོང་བ་ཞེས་པའི་མུ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཆེད་དོན་སྒྲོག་སྤེལ་ཚོགས་འདུ་བསྡུས། ཡུས་ཧྲུའུ་ཁུལ་གྱིས་སྐྱེ་ཁམས་ཀྱི་མཛེས་པ་དང་། ཐོན་ལས་དར་རྒྱས། དམངས་སེམས་གཅིག་མཐུན། སྲིད་སྤྱོད་གཙང་བ་བཅས་ཕྱོགས་བཞིའི་ནང་དོན་ཐད་ནས་སྒྲོག་སྤེལ་ངོ་སྤྲོད་བྱས།

ཉེ་བའི་ལོ་འགའི་རིང་། ཡུས་ཧྲུའུ་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱས་ཏེ། གཙང་ཚབ་སྔོན་མོ་ཤར་དུ་བཞུར་བར་ཁག་ཐེག་བྱས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པར་བརྟེན། ཨ་ཆེན་གངས་རྒྱབ་དེ་རྒྱལ་ཡོངས་ཀྱི་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་ཨང་ང་གཅིག་པར་གྱུར་ཞིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཆུ་ཁུངས་དེ་ཀྲུང་གོའི་སྤུས་ལེགས་ཆུའི་གྲས་སུ་བདམས། ཁུལ་ཡོངས་སུ་གད་སྙིགས་མེད་པ་དང་། འགྱིག་ཤོག་སྤྱོད་མཚམས་བཞག་ནས་སྙིགས་རོ་ཇེ་ཉུང་དུ་གཏོང་བ། རྩྭ་ཐང་གཙང་དག རྒྱལ་ཁོངས་སླར་གསོ། སྡེ་གྲོང་གི་ཁོར་ཡུག་དག་ཐེར་ལེགས་བཅོས་བཅས་ཆེད་དོན་འགུལ་སྐྱོད་ལྔ་ལག་བསྟར་ཟབ་མོ་བྱས་ནས། ཁུལ་ཁོངས་ཀྱི་གང་སྙིགས་སྤྱིའི་ཚད་བརྒྱ་ཆའི་སོ་ལྔ་ཇེ་ཉུང་དུ་བཏང་བ་དང་། འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་བསྒྱུར་ཚད་བརྒྱ་ཆའི་གོ་བརྒྱད་ལ་སླེབས་ཤིང་། ཐོན་ཁུངས་ཅན་དུ་བསྒྱུར་ཚད་བརྒྱ་ཆའི་སུམ་ཅུའི་ཡན་ལ་སླེབས་པ་དང་། རྩྭ་ཐང་གི་སྔོ་ཁེབས་ཁེབས་ཚད་བརྒྱ་ཆའི་རེ་གཉིས་དང་གྲངས་ཆུང་གཉིས་ལ་འཕར་བ་དང་། ནགས་ཚལ་གྱི་ཁེབས་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་དགུ་བདུན་ལ་འཕར་ནས། མཁའ་དབུགས་ལེགས་པའི་ཉིན་གྲངས་དེ་དུས་ཡུན་རིང་པོར་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་པ་དང་། གསའ་སོགས་རི་དྭགས་རིགས་སྔར་ལས་ཇེ་མང་དུ་ཕྱིན། རོང་འབྲོང་མང་ཚོགས་འབུམ་གཉིས་དང་ཁྲི་གསུམ་གྱིས་རྩྭ་ཐང་གི་ཁ་གསབ་བྱ་དགའི་དངུལ་སོགས་སྲིད་ཇུས་ལོངས་སུ་སྤྱོད་ཀྱིན་ཡོད་ལ། འབྲོག་པ་ཁྲི་གསུམ་དང་སྟོང་གཅིག་སྐྱེ་ཁམས་ལྟ་སྲུང་བ་དང་ལྟ་ཞིབ་ཚད་ལེན་པ་བྱས་ནས། སྐྱེ་ཁམས་ཐོན་ཁུངས་དེ་མང་ཚོགས་ཕྱུག་འགྱུར་གྱི་འགུལ་མེད་རྒྱུ་ནོར་དུ་གྱུར།

ཡུས་ཧྲུའུ་ཁུལ་གྱིས་སྐྱེ་ཁམས་ཕྱུགས་ལས་དང་རིག་གནས་ཡུལ་སྐོར་གྱི་ཐོན་ལས་གཉིས་ལ་དམིགས་ནས། མ་དངུལ་གཏོང་ཚད་ཇེ་ཆེར་བཏང་ཞིང་། རྨང་གཞི་བཏིང་བ་དང་། མཐོར་འདེགས་ལ་སྐུལ་འདེད་བཏང་སྟེ། མ་ལག་འཛུགས་སྐྲུན་བྱས། མིག་སྔར། མཉམ་ལས་ཅན་གྱི་རྩ་འཛུགས་ཉིས་བརྒྱ་དང་དྲུག་དང་། རྒྱལ་ཡོངས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་ཉེར་བརྒྱད་བཙུགས་ཏེ། མཉམ་ལས་ཁང་གི་ཁེ་སྤོགས་བྱེ་བ་བཞི་ལས་བརྒལ་བ་དང་། ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁྲི་གཅིག་དང་སྟོང་གཉིས་དང་དྲུག་བརྒྱར་སླེབས། ཡུས་ཧྲུའུ་ཡི་འབྲི་གཡག་དང་ནས་ནག་དེ་ཀྲུང་གོའི་ཞིང་ཐོན་རྫས་ཁུལ་ཁོངས་ཀྱི་སྤྱི་སྤྱོད་ཚོང་རྟགས་གྲས་སུ་བདམས་པ་དང་། ཡུས་ཧྲུའུ་ལ་ཀྲུང་གོའི་འབྲི་གཡག་གི་ཕ་ས་ཞེས་པའི་མཚན་སྙན་གནང་། 

དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་སྦྲེལ་མཐུད་ཟབ་མོ་བྱེད་པར་སྐུལ་འདེད་ནན་མོ་བཏང་སྟེ། ལོ་རེར་བརྒྱ་ཆའི་བརྒྱད་ཅུ་ཡན་གྱི་ནོར་སྲིད་འགྲོ་གྲོན་དེ་དམངས་ཚིས་དང་ལས་ཞུགས། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས། རྒན་གསོ་སོགས་དམངས་ཚིས་བཟོ་སྐྲུན་དོན་ཐོག་ཏུ་འཁྱོལ་བར་བེད་སྤྱོད་བྱས་པ་དང་།  བདེ་འཇགས་འཛུགས་སྐྲུན་སྣེ་ཁྲིད་དུ་བྱས་པའི་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་སྔར་ལས་གཏིང་ཟབ་ཏུ་སྤེལ་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་ཇེ་ཆེར་བཏང་། 

ལྷ་མོ་འཚོས་བསྒྱུར།