གཅན་ཚ་ཐང་གི་སྟོང་ཝ་འབུམ་གསུམ་གྱི་ཉི་འོད་ནུས་པའི་ལས་གཞི་འཛུགས་སྐྲུན་བྱེད་མགོ་བརྩམས།
2024.12.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཉེ་སྔོན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་ཐང་གི་སྟོང་ཝ་འབུམ་གསུམ་གྱི་ཉི་འོད་ནུས་པའི་ལས་གཞི་འཛུགས་སྐྲུན་བྱེད་མགོ་རྩོམ་པའི་མཛད་སྒོ་གཅན་ཚ་རྫོང་དུ་བསྡུས།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། རྨ་ལྷོ་ཁུལ་གཅན་ཚ་ཐང་གི་སྟོང་ཝ་འབུམ་གསུམ་གྱི་ཉི་འོད་ནུས་པའི་ལས་གཞིའི་ཐད་མ་དངུལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་གསུམ་བཏང་བ་དང་། ས་ཆ་མུའུ་སྟོང་བདུན་དང་དྲུག་བརྒྱ་རེ་ལྔ་བཟུང་རྩིས་ཡོད་ལ། ཉི་འོད་ནུས་པའི་ཤོང་ཚད་ཀྲའོ་ཝ་སུམ་བརྒྱར་གཏན་ཁེལ་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་། འཛུགས་སྐྲུན་བྱེད་སྐབས་གཏན་འཇགས་རང་བཞིན་གྱི་ཉི་འོད་ནུས་པའི་འདེགས་རྐང་བཀོལ་སྤྱོད་བྱེད་རྒྱུ་ཡིན་ལ། དག་གཙང་ནུས་ཁུངས་ལུགས་དང་མཐུན་པའི་སྒོ་ནས་གསར་སྤེལ་བྱེད་པ་དང་། ཕྱུགས་འོད་ཕན་ཚུན་ཁ་གསབ་ཀྱི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན། རྒྱལ་ཁབ་གློག་གཏོང་སྡེ་ཚོགས་རྨ་ཆུའི་ཆུ་གློག་ཀུང་ཟིས་མ་དངུལ་དང་ལག་རྩལ། འཇོན་མི། དོ་དམ་སོགས་ཕྱོགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས། ས་དེའི་འབྲོག་པ་མང་ཚོགས་ཀྱི་ལས་ཞུགས་ཐག་གཅོད་ཐད་དུ་ལས་རྐང་མང་པོ་འདོན་སྤྲོད་བྱེད་པ་དང་། བདེ་འཇགས་དང་སྤུས་ཚད་ལ་འགན་སྲུང་བྱེད་པའི་སྔོན་འགྲོའི་འོག ལས་གཞི་སྔ་མོ་ནས་ལེགས་འགྲུབ་བྱེད་པ་དང་སྔ་མོ་ནས་བཀོལ་སྤྱོད་བྱས་ཏེ། སྔ་མོ་ནས་གྲུབ་འབྲས་ལེན་ཐུབ་པར་བྱེད་རྒྱུ་རེད།

ཉེ་བའི་ལོ་འགའི་རིང་ལ། གཅན་ཚ་རྫོང་གིས་ཐོན་ལས་གནས་བཞིའི་འཛུགས་སྐྲུན་ཁྲོད་འདྲེས་པར་བྱས་ནས། དག་གཙང་ནུས་ཁུངས་ཀྱི་ལས་གཞི་སྐོར་ཞིག་འཕྲོ་རིམ་འཕྲོར་འཛུགས་སྐྲུན་བྱས།