མགོ་ལོག་གིས་ངལ་རྩོལ་པ་སྟོང་གཅིག་བརྒྱ་དང་གཅིག་གི་ཆད་ལ་བཞག་པའི་ཟླ་ཕོགས་འདེད་སྤྲོད་བྱས།
2024.12.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ12པའི་ཚེས16ཉིན་བར་དུ། མགོ་ལོག་ཁུལ་གྱིས་བསྡོམས་པས་ཟླ་ཕོགས་ཆད་འཇོག་གི་གྱོད་དོན་ཉིས་བརྒྱ་དང་ལྔ་བཅུ་ཐག་བཅད་དེ། ངལ་རྩོལ་པ་སྟོང་གཅིག་དང་བརྒྱ་དང་གཅིག་གི་ཟླ་ཕོགས་སྒོར་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་གཉིས་ཁྲི་བདུན་སྟོང་ལྔ་དང་བཞི་བརྒྱ་འདེད་སྤྲོད་བྱས། ངལ་རྩོལ་འགན་སྲུང་ལྟ་ཞིབ་ཐད་ཀྱི་ཐེར་འདོན་ཞུ་གཏུག་གྱོད་དོན་བསྒྲུབས་པའི་ཚད་དང་། ཞིང་བ་ཞོར་ལས་པའི་ཟླ་ཕོགས་ཆད་འཇོག་གི་ཐེར་འདོན་ཞུ་གཏུག་གྱོད་དོན་བསྒྲུབས་པའི་ཚད་སོ་སོར་བརྒྱ་ཆའི་བརྒྱར་སླེབས།

ད་ལོར། ཟླ་ཕོགས་ཆད་འཇོག་འགོ་ཁུངས་ནས་བཅོས་སྐྱོང་བྱེད་པ་དང་ཉིན་རྒྱུན་གྱི་ལྟ་ཞིབ་ཁྲིམས་བསྟར་ལ་ཤུགས་སྣོན་ཆེད། མགོ་ལོག་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་སྡེ་ཁག་མང་པོ་དང་ནང་ཁུལ་ཚན་ཁག་དང་གཞུང་སྒྲུབ་ཁང་བར་མཉམ་འབྲེལ་བྱེད་པའི་རྣམ་པ་སྤྱད་དེ། ངལ་རྩོལ་བར་འདུམ་དང་ངལ་རྩོལ་འདུམ་གཅོད། ངལ་རྩོལ་ལྟ་ཞིབ་སོགས་ཕྱོགས་ནས་སྣ་མང་འགལ་སེལ་སྟེགས་བུ་བཙུགས་པ་དང་། ཞིང་བ་ཞོར་ལས་པའི་དངོས་མིང་ལམ་ལུགས་ཀྱི་དོ་དམ་དང་ཟླ་ཕོགས་འགན་སྲུང་དངུལ་སྤྲོད་པ། ཟླ་ཕོགས་ཆེད་སྤྱོད་རྩིས་ཐོ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྟེར་བར་འགན་སྲུང་བྱེད་པའི་དྲ་རྒྱ་བརྟན་པོ་བཙུགས།

དེ་དང་མཉམ་དུ། ངལ་རྩོལ་པའི་ཞུ་གཏུག་དབང་སྲུང་ལམ་བུ་གེགས་མེད་ཡོང་བར་བྱེད་ཆེད། མགོ་ལོག་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ནས་དུས་བཅད་ལྟར་མགོ་ལོག་ཁུལ་གྱི་རིམ་པ་སོ་སོའི་ཐེར་འདོན་ཞུ་གཏུག་ཁ་པར་དང་། རྒྱལ་ཡོངས་ཀྱི་ཟླ་ཕོགས་ཆད་འཇོག་རྩ་བཅོས་བྱེད་པའི་ཁུངས་སྣེ་ཡར་ཞུ་སྟེགས་བུའི་རྟགས་རིས་ཁྱབ་བསྒྲགས་བྱས་པར་མ་ཟད། ཆེད་མི་བཀོད་སྒྲིག་བྱས་ནས་སྟེགས་བུ་སོ་སོའི་གྱོད་དོན་སྣེ་ལེན་དང་ཞིབ་བཤེར་བྱེད་པར་འགན་ཁུར་དུ་བཅུག་པ་དང་། མཇུག་སྒྲིལ་གྱོད་དོན་ལ་བསྐྱར་བཤེར་བྱས་ལ། ད་ལོར་ཟླ་ཕོགས་ཆད་འཇོག་གི་གྱོད་དོན་ཉིས་བརྒྱ་དང་ང་ལྔ་བདག་སྤྲོད་བྱས་པར་མ་ཟད་ཡོངས་རྫོགས་བསྒྲུབས།

མགོ་ལོག་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་ཏང་ཙུའུ་ཁོངས་མི། ཅུའུ་ཀྲང་གཞོན་པ་སྐལ་བཟང་ཚེ་བརྟན་གྱིས་ཁོ་ཚོས་ད་ལྟ་སྤེལ་བཞིན་པའི་ཟླ་ཕོགས་ཆད་འཇོག་གནས་ཚུལ་བཅོས་སྐྱོང་བྱེད་པའི་དགུན་དུས་ཀྱི་འགུལ་སྐྱོད་དང་ཟུང་འབྲེལ་བྱེད་པ་དང་། རྫོང་སོ་སོའི་ངལ་རྩོལ་དབང་སྲུང་སྡེ་ཁག་བར་གྱི་མཉམ་ལས་བརྗེ་རེས་ལ་ཤུགས་སྣོན་པར་མ་ཟད། ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོབ་མ་ལག་དེ་གཞི་གྲངས་ཆེན་པོའི་སྟེགས་བུ་འཛུགས་སྐྲུན་ཁྲོད་འཇོག་རྒྱུའི་ཚོད་ལྟ་བྱེད་པ། གཞི་གྲངས་མཉམ་སྤྱོད་དང་གཅིག་བསྡུས་ཤུགས་འདོན་བྱེད་པ་བརྒྱུད་དེ། ངལ་རྩོལ་པས་དུས་ཚོད་ལྟར་དང་ཚད་ལོངས་པའི་སྒོ་ནས་ཟླ་ཕོགས་ལེན་ཐུབ་པར་རོགས་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

རིན་ཆེན་མཚོས་བསྒྱུར།