ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་དམངས་ཆེན་འཐུས་མི། གྲོས་གཞི་སྒྲུབ་འགན་ཁུར་བའི་ལས་ཁུངས་བཅས་ཀྱིས་འཐུས་མིའི་གྲོས་གཞིའི་ནང་དོན་གྱི་སྤུས་ཚད་མཐོ་བ་དང་སྒྲུབ་ཐབས་སྤུས་ཚད་མཐོ་བར་སྐུལ་སློང་བྱེད་ཆེད། ཟླ12པའི་ཚེས24ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་ཆེན་གྱི་འཐུས་མིའི་གྲོས་གཞི་བསྒྲུབས་པའི་ཐད་ཀྱི་ཕུལ་བྱུང་དཔེ་གཞི་བཅུ་གཅིག་ཁྱབ་བསྒྲགས་བྱས། དེ་རང་ཞིང་ལ་མཚོན་ན་ཐོག་དང་པོ་རེད།
ཐེངས་འདིའི་དཔྱད་འདེམས་ཐད་ནས་ངོ་སྤྲོད་དང་ཞིབ་བཤེར། ཐོག་འདེམ། འདེམ་ཤོག་འཕེན་པ་སོགས་ཀྱི་གོ་རིམ་བརྒྱུད་པ་མ་ཟད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཀྲུའུ་རིན་གྲོས་ཚོགས་སྟེང་ཞིབ་འཇུག་བྱས་ནས་འཐད་པ་བྱུང་། བདམས་པའི་དཔེ་གཞི་བཅུ་གཅིག་སོ་སོར་ལྗང་མདོག་རྩིས་ནུས་ཀྱི་མཉམ་ལས་གསར་གཏོད་སྟེགས་བུ་འཛུགས་པ་དང་། ནུབ་གྲངས་ནུབ་རྩིས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་ཤར་གྲངས་ནུབ་རྩིས་འཐབ་ཇུས་འདེགས་སྐྱོར་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བའི་སྐོར་གྱི་གྲོས་གཞི་དང་། མེན་ཧི་ཡི་ཡོམ་རྗེས་བསྐྱར་སྐྲུན་བྱ་བར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པའི་སྐོར་གྱི་གྲོས་གཞི། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཁྲིད་ཁྲོད་འདྲེས་པར་བྱེད་པའི་སྐོར་གྱི་གྲོས་གཞི། རང་ཞིང་གི་ཁྱིམ་དོན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བའི་སྐོར་གྱི་གྲོས་གཞི། སྤྲོ་གསེང་ཞིང་ལས་དང་ཞིང་སྡེའི་གནས་སྐོར་འཛུགས་སྐྲུན་གྱི་ཆུ་ཚད་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གྲོས་གཞི། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དུ་ཚགས་བཤེར་དང་སྔོན་འགོག་བྱེད་པའི་བྱ་བ་སྤེལ་བའི་སྐོར་གྱི་གྲོས་གཞི། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས་ལྗང་གློག་གི་རིན་ཐང་མངོན་འགྱུར་བྱེད་པའི་སྐོར་གྱི་གྲོས་གཞི། ཚོགས་པའི་ཁང་གླའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་གྲོས་གཞི། དམངས་གཉེར་ཁེ་ལས་ཀྱི་བཅོས་སྐྱོང་གྲུབ་ཚུལ་ཚད་ལྡན་དུ་བཏང་ནས། དམངས་གཉེར་ཁེ་ལས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གྲོས་གཞི། དངུལ་རྩའི་དངུལ་བུན་གཏོང་ལེན་ཐད་ཀྱི་འགལ་རྩོད་གྱོད་གཞིའི་གཏུག་བཤེར་གྲོན་དངུལ་ཕྱིར་སློག་བྱ་བར་ཤུགས་སྣོན་པའི་སྐོར་གྱི་གྲོས་གཞི། བོད་སྨན་གྱི་སྨན་བཅོས་འགན་སྲུང་རྩིས་སྤྲོད་ཁྱབ་ཁོངས་རྒྱ་སྐྱེད་པའི་སྐོར་གྱི་གྲོས་གཞི་བཅས་ཡིན་ལ། ནང་དོན་ཐད་ནས་ཐོན་ལས་གནས་བཞི་དང་ལྗང་མདོག་རྩིས་ནུས། གྲོང་གསེབ་དར་སྤེལ། ཚན་སློབ་རིག་འཕྲོད་དང་དམངས་ཚིས་འགན་སྲུང་སོགས་རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དཀའ་གནད་བཅས་འདུ། བསྒྲུབས་པའི་མཇུག་འབྲས་ཚང་མ་ཀ་རིམ་པའི་རིགས་སུ་ཚུད་ལ། འཐུས་མི་ཡིད་ཚིམ་ཚད་བརྒྱ་ཆའི་བརྒྱ་རུ་སླེབས་ཡོད།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣས། འཐུས་མིའི་གྲོས་གཞི་བསྒྲུབས་པའི་ཐད་ཀྱི་ཕུལ་བྱུང་དཔེ་གཞི་དཔྱད་འདེམས་བྱ་བ་སྤེལ་བའི་དམིགས་འབེན་ནི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱི་སྤུས་ཚད་མཐོ་བའི་སྒོ་ནས་འཐུས་མིའི་གྲོས་གཞི་བསྒྲུབ་པར་དྲིལ་སྒྲོག་སྐུལ་སློང་བྱེད་པའི་བྱ་བའི་རྐྱེན་སྲོལ་འཛུགས་པའི་སྐོར་གྱི་རེ་བ་ལག་བསྟར་བྱེད་པ་དང་། ཕུལ་བྱུང་དཔེ་གཞིའི་དཔེ་མཚོན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། འཐུས་མིའི་གྲོས་གཞི་བྱ་བ་ཡང་བསྐྱར་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྔར་ལས་སྐུལ་འདེད་གཏོང་བ། དམངས་ཀྱི་འདོད་བློ་སྐོང་ཅི་ཐབས་བྱེད་པ་དང་། འཐུས་མིའི་གྲོས་གཞི་བཟང་བོར་བསྒྲུབ་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་སྟེ། རང་ཞིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་རྒྱུ་དེ་ཡིན་ཟེར།
རིན་ཆེན་མཚོས་བསྒྱུར།