རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། རེབ་གོང་རིག་གནས་ཀྱི་ལོ་རྒྱུས་ཀྱི་རྨང་གཞི་དང་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་གཏིང་ཟབ་སྒོས་སྔོག་འདོན་བྱས། ཟླ12པའི་ཚེས19ཉིན་བར། “རེབ་གོང་སྒྱུ་རྩལ”དང“རྨ་ལྷོའི་ཟློས་གར”སོགས་ཀྱིས་མཚོན་པའི་རིམ་པ་སོ་སོའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི701ཟིན་ནས། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་ཀྱི་ཐད་ཕན་འབྲས་མངོན་གསལ་བླངས།
ད་ལོར། རྨ་ལྷོ་ཁུལ་གྱིས2024ལོའི་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་གྲུབ་འབྲས་འགྲེམས་སྟོན་དུས་ཚིགས་དང་རྨ་ཆུའི་འབབ་རྒྱུད་ཀྱི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བརྗེ་རེས་ལྟ་སྐོར་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་ལེགས་འགྲུབ་སྒོས་སྒྲུབ་པ་མ་ཟད། ད་དུང་ཁུལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི701ཚུད་པའི《གཟུགས་འདས་ཤུལ་བཞག་རིག་གནས་མིང་ཐོའི་རིས་མཛོད》ཐོག་མ་དེ་པར་སྐྲུན་བྱས་ནས། གཟུགས་འདས་ཤུལ་བཞག་རིག་གནས་གོ་རིམ་ལྡན་པའི་ངང་གསེད་པ་དང་རྒྱུན་འཛིན་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་། དེ་དང་ཆབས་ཅིག ཧུར་ཐག་གིས《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྐོར་གྱི་སྲོལ་ཡིག》གཏན་འབེབས་བྱས་ཏེ། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བར་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པར་བྱས།
འཛམ་གླིང་གི་ཟིན་ཐོ་ཁས་ལེན་ཐད། ད་ལོ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི“གཞི་ཁྱོན་ཆེ་བའི་སོག་སློག་རྒྱན་ཆས་འགྲེམས་སྟོན”དང་། རྩེ་ཁོག་རྫོང་གི“གཞི་ཁྱོན་ཆེ་བའི་ཚགས་ཤ་དང་ལུག་ཤ་མྱོང་དཔྱད་བྱ་འགུལ།”“འཛམ་གླིང་སྟེང་ཆེས་ཆེ་བའི་བོད་ལུགས་ཀྱི་མངར་ལེབ”ཞེས་པའི་བྱེད་སྒོ་དེ་གསུམ་ཚང་མར་འཛམ་གླིང་གི་ཟིན་ཐོའི་ཁས་ལེན་ཐོབ། དེར་བརྟེན་ཁུལ་ཡོངས་ཀྱི་འཛམ་གླིང་ཟིན་ཐོ་ཁས་ལེན་སྣ14ཟིན་ཡོད།
ཐུན་རིན་གྲོང་ཁྱེར་རེབ་གོང་སྒྱུ་རྩལ་གླིང་དང་རིག་འབྱུང་གླིང་གིས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་ཐོན་སྐྱེད་རང་བཞིན་སྲུང་སྐྱོབ་ཀྱི་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་པས། ལེགས་འགྲུབ་ངང་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་ཐོན་སྐྱེད་རང་བཞིན་སྲུང་སྐྱོབ་ཀྱི་དཔེ་སྟོན་རྟེན་གཞིར་བདམས་པ་དང་། ཁུལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་དཔེ་མཚོན་ལས་ཁུངས་སུ་གྱུར་ཡོད། བརྒྱུད་རིམ་དེའི་ཁྲོད་རྒྱལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་སྔོན་ཐོན་མི་སྒེར་གཉིས་དང་། སྐབས་དང་པོའི་སྲོལ་རྒྱུན་བཟོ་རྩལ་རྒྱལ་ཁབ་ཆེན་པོའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་བྲིས་པ་གཉིས་བྱུང་ནས། རྨ་ལྷོ་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་དོན་ལ་གསོན་ཤུགས་བསྣན། གཞན་ཡང་རྨ་ལྷོ་ཁུལ་གྱིས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྐོར་དྲུག་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་གཅིག་ངོ་སྤྲོད་ཞིབ་མོ་བྱས་ནས། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་གྱི་ཤེས་ལྡན་མི་སྣའི་སྐས་རིམ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལག་རྩལ་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་བྱ་རྒྱུར་སྐུལ་འདེད་བཏང་།
ཤ་བོ་རིན་མཚོས་བསྒྱུར།