རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་བྱེད་ཐབས་སྣ་མང་སྤྱད་དེ་མི་དངརི་དྭགས་ཀྱི་འགལ་འདུ་ཐག་བཅད།
2024.12.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

མི་དང་གཅན་གཟན་རི་དྭགས་ཀྱི་འགལ་འདུ་ཐག་གཅོད་ཆེད། 2024ལོར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་གཅིག་གྱུར་གྱི་སྐམ་སའི་གཅན་གཟན་རི་དྭགས་ཀྱིས་བཟོས་པའི་མི་ལུས་དང་རྒྱུ་ནོར་གྱི་གྱོང་གུན་ལ་ཁ་གསབ་བྱེད་པའི་ཚོད་ལྟའི་བྱ་བ་ལག་བསྟར་བྱས་པ་དང་། བསམ་ཡུལ་འདས་པའི་གནོད་འཚེའི་ཐད་ནས་ཆེས་མཐོ་ན་སྒོར་འབུམ་དྲུག་གིས་སྐྱིན་ཚབ་འཇལ་ཆོག

ཉེ་བའི་ལོ་འགའི་རིང་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གཅན་གཟན་རི་དྭགས་ཀྱི་རིགས་ཚོགས་གྲངས་ཀ་མངོན་གསལ་སྒོས་ཇེ་མང་དུ་སོང་བ་དང་བསྟུན་ནས། གཅན་གཟན་རི་དྭགས་དང་སྒོ་ཕྱུགས་བར་གཟན་ཆས་འཕྲོག་རེས་ཀྱི་སྣང་ཚུལ་ཇེ་དྲག་ཏུ་སོང་བ་དང། གཅན་གཟན་རི་དྭགས་ཀྱིས་ནོར་ལུག་དང་ཐ་ན་འབྲོག་པ་མང་ཚོགས་ལ་འཇབ་རྒོལ་བྱེད་པའི་དོན་རྐྱེན་སྐབས་འགར་འབྱུང་བཞིན་ཡོད། དེར་བརྟེན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཀྲུང་དབྱང་གི་ནོར་སྲིད་མ་དངུལ་སྒོར་བྱེ་བ་གཉིས་བརྩོན་ལེན་བྱས་ནས། གཅན་གཟན་རི་དྭགས་དང་སྒོ་ཕྱུགས་བར་གཟན་ཆས་འཕྲོག་རེས་ཀྱི་རྩྭ་སའི་ཁ་གསབ་ཚོད་ལྟ་ཐེངས་གཉིས་ལ་སྤེལ་བ་དང་། གླིང་ཁུལ་གྱི་རྫོང་བཞིའི་གྲོང་སྡེ་སྐོར་ཞིག་ཏུ་འགོག་སྲུང་སྐོར་ར་དང་དོས་སྒམ་ལུགས་ཀྱི་དོམ་འགོག་ཁང་ལས་པའི་ཚོད་ལྟ་སྤེལ་ལ། ཀྲུང་གོ་ཞི་བདེ་རྒྱ་མཚོ་ཉེན་ཚབ་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟི་དང་མཉམ་འབྲེལ་བྱས་ནས་སྐྱེ་ཁམས་དོ་སྲུང་པའི་མི་ལུས་གནོད་འཚེའི་ཉེན་ཚབ་བྱ་བ་སྤེལ་ནས། ལོ་རེར་དོ་སྲུང་པ་རེར་སྒོར་བརྒྱ་དང་ཞེ་བཞི་ཡི་ཉེན་འགོག་འགན་ལེན་དངུལ་བསྡུས་པ་དང་། ཆེས་མཐོའི་ཉེན་ཚབ་སྒོར་འབུམ་ལྔར་སླེབས།

2024ལོར། འབྲེལ་ཡོད་སྡེ་ཁག་གིས་མཉམ་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་མི་དང་གཟན་གཟན་རི་དྭགས་ཀྱི་འགལ་འདུ་སྔོན་འགོག་དང་ཐག་གཅོད་པའི་འགུལ་སྐྱོད་ཇུས་གཞི་ཞིབ་འཇུག་བྱས་ནས་ཕྱིར་བཏོན། དྲིལ་སྒྲོག་སློབ་གསོ་དང་སྐོར་སྲུང་ལ་རྒྱུན་མཐུད་ངང་ཤུགས་བསྣན་པ་དང་། སྐྱེ་ཁམས་དོ་སྲུང་པའི་ནུས་པ་འདོན་སྤེལ་བྱས་ཏེ། གཅན་གཟན་རི་དྭགས་ཀྱི་འགུལ་རྣམ་ལ་རྒྱུས་ལོན་གསལ་བོ་བྱས། གཅན་གཟན་རི་དྭགས་ཀྱི་ལྟ་ཞིབ་མ་ལག་འཐུས་ཚང་དུ་བཏང་བ་དང་། བྱ་བའི་ས་ཚིགས་འཛུགས་སྐྲུན་བྱས་ལ། སྒྲིག་ཆས་ཉོ་སྒྲུབ་བྱས་ནས། ཞིབ་འཇུག་བརྡར་གཅོད་དང་སྔོན་བརྡའི་ནུས་པ་མཐོར་འདེགས་བཏང་། དོམ་འགོག་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཏེ། འབྲོག་པ་མང་ཚོགས་ལ་དོམ་འགོག་སྒྲིག་ཆས་སྡེབ་སྒྲིག་བྱས། གཅན་གཟན་རི་དྭགས་དང་སྒོ་ཕྱུགས་བར་གྱིགཟན་ཆས་འཕྲོག་རེས་ཀྱི་རྩྭ་སའི་ཁ་གསབ་ཚོད་ལྟ་སྤེལ་ནས། སྐྱེ་ཁམས་དང་དམངས་ཚིས་དོ་མཉམ་ཡོང་བར་བྱས།

རྗེས་ཕྱོགས་སུ། འབྲེལ་ཡོད་སྡེ་ཁག་གིས་མི་དང་གཅན་གཟན་རི་དྭགས་ཀྱི་འགལ་འདུ་ལ་ཁ་གཏད་འཇལ་བའི་ཐབས་ཇུས་ལ་ཞིབ་འཇུག་བྱེད་པ་དང་། ཕྱོགས་མང་པོའི་ཐད་ནས་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་བཏང་སྟེ། གླིང་ཁུལ་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།