མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་སྔོན་ལ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་མངོན་འགྱུར་བྱས།
2024.12.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ12པའི་ཚེས27ཉིན།    གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་པ་ལྟར་ན།    2024ལོར། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་མ་ལག་གིས་གཅིག་གྱུར་གྱིས་ཚད་མཐའ་སྲུང་བ་དང་།    གཙོ་གནད་དམ་འཛིན་བྱེད་པ།  འགག་གནད་ཕྱིར་འདོན་པ་བཅས་བྱས་ཏེ།    འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འགན་སྲུང་ཇེ་དྲག་ཏུ་གཏོང་བ།    ཉེན་ཁ་སྔོན་འགོག་བཅས་ལ་དམིགས་ནས་རིགས་སོ་སོའི་བཅོས་སྒྱུར་གཏིང་ཟབ་ལ་སྐུལ་འདེད་བཏང་བ་དང་།    འགན་སྲུང་ནུས་པ་བརྟན་པོའི་ངང་མཐོ་རུ་ཕྱིན་པ་དང་།    དོ་དམ་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་གཉིས་འཕར་བ།    ཐེབས་རྩ་འཁོར་སྐྱོད་བདེ་འཇགས་བརྟན་པོ་ཡིན་པ།    ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་བྱུང་བས།    རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་རྒྱལ་ཡོངས་ཀྱི་སྨན་བཅོས་འགན་སྲུང་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟའི་ཞིང་ཆེན་དང་པོ་རུ་གཏན་འཁེལ་བྱས་པ་མ་ཟད།   རྒྱལ་ཡོངས་ཀྱི་སྔོན་ལ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་མངོན་འགྱུར་བྱས་ཏེ།    ཞིང་ཆེན་ཡོངས་ཀྱི་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་དང་།    ཚབས་ཆེ་བའི་ནད་ཀྱི་འགན་སྲུང་།    སྨན་བཅོས་རོགས་སྐྱོབ་ལམ་ལུགས་ཕྱོགས་ཡོངས་ནས་བསྐྲུན།

མཚོ་སྔོན་གྱི་སྨན་བཅོས་འགན་སྲུང་སྲ་བརྟན་སྦྲེལ་མཐུད་བྱ་བ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་རྒྱུན་མཐུད་ངང་བསྐྱོད་ཅིང་།    རྒྱལ་ཡོངས་ཀྱིས་འབྲེལ་མཐུད་ཇུས་གཞི་སྔོན་ལ་པར་འགྲེམས་བྱས་པའི་རྨང་གཞིའི་སྟེང་། བྱ་བའི་བྱེད་ཐབས་རྒྱུན་ཆད་མེད་པར་ཞིབ་ཕྲ་དང་འཐུས་ཚང་དུ་བཏང་བ་དང་།    ཞིང་སྡེའི་ཡོང་འབབ་དམའ་བའི་མི་གྲངས་དང་ལྟ་ཞིབ་ཚད་ལེན་བྱ་བ།    དབུལ་ཐར་མི་གྲངས་བཅས་ཀྱི་འགན་སྲུང་ནང་ཞུགས་པའི་གནས་ཚུལ་ལ“གཟའ་འཁོར་རེར་བཀོད་གཏོང་དང་།  གཟའ་འཁོར་རེར་བརྡ་ཁྱབ་གཏོང་བའི”རྐྱེན་སྲོལ་རྒྱུན་མཐུད་འཐུས་ཚང་དུ་བཏང་བ་དང་།   གཞི་གྲངས“གཟའ་འཁོར་རེར་བསྡུར་བ་དང་གཟའ་འཁོར་རེར་ལན་སྟེར་བ”བཅས་བྱས་ཏེ་འགན་སྲུང་ནང་ཞུགས་ཚད་མུ་མཐུད་དུ99%ཡན་རྒྱུན་འཁྱོངས་བྱས་ཤིང་།    ད་ལོར་ཞིང་སྡེའི་ཡོང་འབབ་དམའ་བ་དང་དབུལ་ཐར་གཏན་འཇགས་མིན་པའི་མི་གྲངས་འབུམ་ལྔ་དང་ཁྲི་གཅིག་སྟོང་གཅིག་ལ་འགན་སྲུང་ནང་ཞུགས་པའི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་དྲུག་བརྒྱ་སྤྲད།    ཐོག་མཐའ་བར་གསུམ་དུ་ཞིང་སྡེའི་དམིགས་བསལ་དབུལ་ཕོངས་མི་སྣ་དང་།    མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ།    དབུལ་ཕོངས་སུ་ལོག་སླ་བ་དང་དབུལ་ཕོངས་སུ་གྱུར་པའི་མི་སྣ་བཅས་ཀྱི་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་རྩིས་ཞུ་བྱེད་པའི་བསྡུར་ཚད80%ཡན་རྒྱུན་འཁྱོངས་བྱས་ཏེ།    “འགན་སྲུང་གསུམ”གྱིས་ཞིང་སྡེའི་ཡོང་འབབ་དམའ་བའི་མི་གྲངས་མི་ཐེངས་ས་ཡ་གཅིག་དང་འབུམ་དྲུག་ཁྲི་ལྔ་སྟོང་གསུམ་ལྔ་བརྒྱ་ལ་ཕན་པ་ཐོབ་པ་དང་།    སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་བྱེ་བ་ལྔ་ཇེ་ཡང་དུ་བཏང་སྟེ།    འགན་སྲུང་བྱེད་དགོས་པ་ཚང་མ་འགན་སྲུང་དང་སྙན་ཞུ་བྱེད་དགོས་པ་ཚང་མ་སྙན་ཞུ་མངོན་འགྱུར་བྱས་ནས།    ཞིང་སྡེའི་སྡོད་དམངས་ནད་ཀྱི་དབང་གིས་དབུལ་ཕོངས་སུ་གྱུར་བ་སྔོན་འགོག་ནུས་ལྡན་བྱས་ཏེ།    ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པར་རོགས་རམ་བྱས།

དེ་དང་ཆབས་ཅིག  གཞི་རྩའི་སྨན་བཅོས་འགན་སྲུང་གི་འགན་སྲུང་ནང་ཞུགས་པའི་ཡུན་ཕན་རྐྱེན་སྲོལ་གྱི་མཛུབ་ཁྲིད་བསམ་འཆར་དོན་འཁྱོལ་ནན་མོ་བྱས་ཏེ།    དྲིལ་བསྒྲགས་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང་།    གྲོན་དངུལ་འཇོག་པའི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ།    གཞི་གྲངས་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ།    འགན་སྲུང་ནང་ཞུགས་པའི་ཡུན་རིང་ཕན་ནུས་སྐུལ་ལྕག་དང་ཚོད་འཛིན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ།    མང་ཚོགས་ཀྱི་ཐོབ་ཐང་སྔོན་དཔག་ལོངས་སུ་སྤྱོད་རྒྱུར་ལུགས་མཐུན་ཁྲིད་སྟོན་བྱས་ནས་དམངས་ཡོངས་ཀྱི་འགན་སྲུང་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས། ཟླ་བཅུ་གཅིག་པའི་ཟླ་མཇུག་བར་ཏུ། ཞིང་ཆེན་ཡོངས་ཀྱི་གཞི་རྩའི་སྨན་བཅོས་ནང་ཞུགས་པའི་མི་གྲངས་ས་ཡ་ལྔ་དང་འབུམ་བཞི་ཁྲི་ལྔ་སྟོང་གསུམ་ཡོད་པ་དང་། འགན་སྲུང་ནང་ཞུགས་པའི་བྱ་བའི་ལས་འགན་སྔོན་ལ་ཡོངས་འགྲུབ་བྱས་ལ། འགན་སྲུང་ནང་ཞུགས་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་ཡིན་པ་སྲུང་འཛིན་བྱས་ཡོད། སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་མ་དངུལ་བསྡུ་བའི་ཆུ་ཚད་འོས་འཚམ་གྱིས་མཐོ་རུ་བཏང་ནས། ནོར་སྲིད་ཀྱི་ཁ་གསབ་སྒོར་དྲུག་བརྒྱ་བརྒྱད་ཅུ་དང་མི་སྒེར་གྱིས་སྒོར་བཞི་བརྒྱ་སྤྲོད་དགོས་པ་དང་། རྒྱུན་མཐུད་ཐུབ་པའི་མ་དངུལ་བསྡུ་བའི་རྐྱེན་སྲོལ་བརྟན་འཇགས་ཞིག་གྲུབ་ཡོད། ཚབས་ཆེ་བའི་ནད་གཞིའི་སྨན་བཅོས་ཉེན་ཚབ་དང་རོགས་སྐྱོབ་ལམ་ལུགས་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྐུལ་འདེད་བཏང་ནས། གཞི་རིམ་གྱི་སྨན་བཅོས་འགན་སྲུང་དང་ཚབས་ཆེ་བའི་ནད་གཞིའི་ཉེན་ཚབ། སྨན་བཅོས་རོགས་སྐྱོབ་ཕྱོགས་བསྡུས་འགན་སྲུང་སོགས་ཇེ་དྲག་ཏུ་བཏང་ནས། ད་ལོར་བསྡོམས་པས་མི་འབུམ་དྲུག་དང་ཁྲི་ལྔ་སྟོང་གཉིས་ཉིས་བརྒྱ་ལ་སྨན་བཅོས་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་བདུན་དང་བྱེ་བ་བདུན་ས་ཡ་ལྔ་སྤྲད། ཞིང་ཆེན་ཡོངས་ཀྱི་བུ་བཙའི་ཉེན་ཚབ་ཀྱི་ཁྱབ་རྒྱ་མུ་མཐུད་དུ་ཆེ་རུ་འགྲོ་བཞིན་ཡོད། ལས་བྱེད་མི་སྣའི་སྨན་བཅོས་འགན་སྲུང་སྒོ་བསྟེན་གྱི་གཞུང་སྐྱོར་འགན་སྲུང་ལམ་ལུགས་བརྟན་འཇགས་སྒོས་འཁོར་སྐྱོད་བྱེད་ཀྱིན་ཡོད་ལ། མི་སྒེར་གྱི་མཉམ་རོགས་ཀྱི་ནུས་པ་དང་ཐེབས་རྩའི་གཅིག་བསྡུས་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱས།

ཤ་བོ་རིན་མཚོས་བསྒྱུར།