ཏང་དང་སྲིད་གཞུང་། བཟོ་ཚོགས་རྩ་འཛུགས་བཅས་ཀྱི་དྲོད་འཁོལ་དུས་ཐོག་ཏུ་རྒྱ་ཆེའི་ལས་བཟོ་པའི་འགྲམ་དུ་སྐྱེལ་བ་དང་། རྒྱ་ཆེའི་ལས་བཟོ་པས་སྤྲོ་སྐྱིད་ལྡན་པའི་ལོ་གསར་དང་དཔྱིད་གསར་དུས་ཆེན་རོལ་བར་ཁག་ཐེག་བྱ་ཆེད། ཉེ་ལམ། ཞིང་ཆེན་ཡོངས་ཀྱི་བཟོ་ཚོགས་ཀྱིས2025ལོའི“དུས་ཆེན་གཉིས”ཀྱི་སྐབས་སུ་དྲོད་འཁོལ་སྐྱེལ་བའི་བྱ་འགུལ་སྤེལ།
མཚོ་སྔོན་གྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་དྲོད་འཁོལ་སྐྱེལ་བའི་བྱ་འགུལ་དེ་ཟླ12པའི་ཟླ་མཇུག་ནས2025ལོའི་ཟླ2པའི་ཚེས12ཉིན་བར་སྤེལ་རྒྱུ་ཡིན་ལ། གཙོ་བོ་དཀའ་ངལ་ཡོད་པའི་ལས་བཟོ་པ་དང་། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ། སྟབས་བསྟུན་ལས་ཞུགས་མི་སྣ། དུས་ཆེན་གྱི་སྐབས་སུ་ལས་གནས་བརྟན་སྲུང་བྱེད་མཁན་གྱི་ལས་ཡུལ་དང་པོའི་ལས་བཟོ་པ། དཀའ་ངལ་ཆེ་བའི་ལས་གནས་ཀྱི་ལས་བཟོ་པ་སོགས་གཙོ་གནད་ཚོགས་སྤྱི་དང་ངལ་རྩོལ་དཔེ་བཟང་། སྔོན་ཐོན་བྱ་བ་སྒྲུབ་མཁན། ལྷག་པར་དུ་ཡིག་ཚགས་བཟོས་ནས་ཐོ་འགོད་བྱས་པའི་དཀའ་ངལ་ཡོད་པའི་ལས་བཟོ་པར་དྲོད་འཁོལ་སྐྱེལ་བ་ཡོངས་སུ་ཁྱབ་པ་དང་ཆད་ལུས་མེད་པ་བཅས་ལ་དམིགས་པ་རེད། དེ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་དྲོད་འཁོལ་སྐྱེལ་བའི་འཚམས་འདྲི་ཚན་ཆུང6རྩ་འཛུགས་བྱས་ནས་གྲོང་ཁྱེར་དང་ཁུལ། ཐོན་ལས། ཁེ་ལས་དང་ལས་དོན་ལས་ཁུངས་བཅས་སུ་བསྐྱོད་ནས་འཚམས་འདྲིའི་བྱེད་སྒོ་སྤེལ།
ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ཡུལ་བབ་དང་བསྟུན་ནས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་བའི་ཇུས་གཞི་བཟོ་བ་དང་། དམིགས་འབེན་བྱ་ཡུལ་གསལ་བོ་བྱེད་པ། བྱ་འགུལ་གྱི་ནང་དོན་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ་བཀོལ་སྤྱོད་བྱེད་ཆོག་པ་དང་དོན་འཁྱོལ་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས། “བཟོ་ཚོགས་ཀྱིས་དྲོད་འཁོལ་སྐྱེལ་བའི་བྱ་འགུལ”སྤེལ་བ་གོ་སྐབས་སུ་བརྩིས་ནས། “གླ་ཕོགས་ཆད་པ་བཅོས་སྐྱོང་བྱེད་པའི་དགུན་དུས་བྱ་སྤྱོད”ནང་ཧུར་ཐག་གིས་ཞུགས་པ་དང་། ཞིང་པ་ཞོར་ལས་པ་ཕ་ཡུལ་དུ་ལོག་པ་སོགས་ཀྱི་བྱ་བ་མུ་མཐུད་དུ་སྤེལ་བ། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་ཚོགས་པར་ཞུགས་པའི་ཞབས་ཞུ་ཡག་པོ་སྒྲུབ་སྟེ། ལས་བཟོ་པ་དང་མང་ཚོགས་ལ་གཅེས་སྐྱོང་བཟང་པོ་བྱེད་པ་དང་། ངལ་རྩོལ་སྲུང་སྐྱོབ་དང་ལས་ཞུགས་ཞབས་ཞུ། རྩལ་ནུས་མཐོར་གཏོང་། བཅའ་ཁྲིམས་རོགས་སྐྱོབ། སེམས་ཁམས་མཛུབ་སྟོན་སོགས་སྣ་མང་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱས་ཏེ། ལོ་སར་དང་དཔྱིད་གསར་དུས་ཆེན་སྐབས་སུ་བཟོ་ཚོགས་ཀྱི་ཞབས་ཞུ་མཚམས་མི་ཆད་པ་དང་བཟོ་ཚོགས་ཀྱི་དྲོད་འཁོལ་སྐྱེལ་བར་ཁག་ཐེག་བྱེད་དགོས།
དེ་ལས་གཞན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་བཟོ་ཚོགས་དེ་ལས་བཟོ་པའི“ཁྱིམ་མི”ལྟ་བུ་ཡིན་པའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། དྲོད་འཁོལ་སྐྱེལ་ནས་འཚམས་འདྲི་བྱེད་པའི་བྱ་འགུལ་རྒྱ་ཁྱབ་སྒོས་གཏིང་ཟབ་ཏུ་སྤེལ་ཏེ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དེ་མིན་བཟོ་ཚོགས་རྩ་འཛུགས་ཀྱི་དྲོད་འཁོལ་རྒྱ་ཆེའི་ལས་བཟོ་པ་དང་མང་ཚོགས་ཀྱི་འགྲམ་དུ་སྐྱེལ་ཏེ། རྒྱ་ཆེའི་ལས་བཟོ་པ་དང་མང་ཚོགས། ལྷག་པར་དུ་དཀའ་ངལ་ཡོད་པའི་ལས་བཟོ་པ་དང་གཙོ་གནད་ཚོགས་སྤྱིའི་ལས་བཟོ་པ་རྣམས་ཀྱིས་སྤྲོ་ཞིང་སྐྱིད་པའི་ལོ་གསར་དང་དཔྱིད་སར་དུས་ཆེན་ཞིག་རོལ་ཐུབ་པའི་ཁག་ཐེག་བྱེད་དགོས།
ཤ་བོ་རིན་མཚོས་བསྒྱུར།