མཚོ་སྔོན་གྱི་མི་དམངས་མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་གནས་བབ་ཇེ་བཟང་ནས་ཇེ་བཟང་དུ་སོང་།
2025.01.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 43

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན། ཞིང་ཆེན་ཟས་རིགས་བདེ་འཇགས་གཞུང་སྒྲུབ་ཁང་གིས་ཟས་རིགས་བདེ་འཇགས་ཐད་མང་ཚོགས་ཡིད་ཚིམ་མིན་གྱི་ཞིབ་བཤེར་སྤེལ་བའི་བྱ་བའི་བཀོལ་སྤྱོད་ལག་རྩལ་ཕྱོགས་སྟོན་སོགས་ཀྱི་རེ་བ་ལྟར། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་དུ2024ལོའི་མཚོ་སྔོན་ཞིང་ཆེན་གྱི་ཟས་རིགས་བདེ་འཇགས་ཐད་མང་ཚོགས་ཡིད་ཚིམ་མིན་གྱི་བརྟག་བཤེར་བྱ་བ་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་གནས་བབ་དང་ཟས་རིགས་བདེ་འཇགས་བྱ་བའི་ཐད་ཀྱི་གདེང་འཇོག་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་གསལ་བོ་བྱས།

འབྲེལ་ཡོད་རེ་བ་ལྟར། བརྟག་བཤེར་ཐད་ནས་ཟས་རིགས་བདེ་འཇགས་ཀྱི་གཞི་རྩའི་གནས་བབ་དང་ཟས་རིགས་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་བྱ་བའི་གྲུབ་འབྲས། ཟས་རིགས་བདེ་འཇགས་ཐད་ཀྱི་དམངས་ཀྱི་འདོད་བློ་སོགས་ཕྱོགས་ལ་དམིགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་བརྟག་བཤེར་གྱི་དམིགས་ཚད་ཇུས་འགོད་བྱས་པ་དང་། ངོ་ཐུག་པ་དང་ཁ་པར་བརྒྱུད་དེ་རྒྱུས་ལོན་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ། མང་ཚོགས་ཀྱིས་ཟས་རིགས་གཙོ་བོའི་རིགས་སྣ་དང་རྒྱུ་སྤུས་ལ་ཡིད་ཆེས་བྱས་ནས་སེམས་བདེ་མོས་འཛད་སྤྱོད་བྱེད་པའི་ཚད་དང་ཟས་རིགས་གཙོ་བོ་ཚོང་གཉེར་བྱེད་ས་ནས་སེམས་བདེ་མོས་འཛད་སྤྱོད་བྱེད་པའི་ཚད། ཟས་རིགས་བདེ་འཇགས་ཤེས་བྱ་ཁྱབ་གདལ་དང་དྲིལ་སྒྲོག་བྱ་བའི་དཔྱད་འཇོག་སོགས་ལ་ཕྱོགས་ཡོངས་ནས་བརྟག་བཤེར་བྱས།

བརྟག་བཤེར་མཇུག་འབྲས་ལས། ས་ཆ་སོ་སོའི་ཟས་རིགས་བདེ་འཇགས་གནས་བབ་དང་ཁོངས་གཏོགས་ས་ཆའི་དོ་དམ་སྡེ་ཁག ལྟ་སྐུལ་དོ་དམ་སྡེ་ཁག་གི་ཟས་རིགས་བདེ་འཇགས་བྱ་བ། ཟས་རིགས་བདེ་འཇགས་ཤེས་བྱ་ཁྱབ་གདལ་དྲིལ་སྒྲོག་བྱ་བར་མང་ཚོགས་ཅུང་ཡིད་ཚིམ་པ་དང་། སློབ་རའི་ཟས་རིགས་དང་ཤ་རིགས་ཟས་རིགས། ཐོལ་འཇུག་ཟས་རིགས་ཀྱི་བདེ་འཇགས་གནད་དོན་ཐད་ཀྱི་དོ་སྣང་བྱེད་ཚད་ཅུང་མཐོ་བ་ཤེས་ཐུབ། བརྟག་བཤེར་མཇུག་འབྲས་ལས། 2024ལོར། རང་ཞིང་གི་ཟས་རིགས་བདེ་འཇགས་ཐད་ཀྱི་མང་ཚོགས་ཀྱི་སྤྱི་ཁོག་གི་ཡིད་ཚིམ་ཚད་བརྒྱ་ཆའི་གྱ་བརྒྱད་དང་གྲངས་ཆུང་དགུ་ལ་སླེབས་པ་དང་། དེ་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་ཐིག་དང་གྲངས་ཆུང་གཉིས་ཇེ་མཐོར་སོང་ཡོད་ལ། མང་ཚོགས་ཀྱིས་ཟས་རིགས་བདེ་འཇགས་ཐད་ཡིད་ཚིམ་མིན་གྱི་བརྟག་བཤེར་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཚད་བརྒྱ་ཆའི་གོ་དྲུག་དང་གྲངས་ཆུང་ལྔ་བཞིར་སླེབས་ལ། དེ་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་ཐིག་དང་གྲངས་ཆུང་ལྔ་ཇེ་མཐོར་སོང་བ་དང་། ཟས་རིགས་བདེ་འཇགས་ཐད་ཀྱི་དོན་རྐྱེན་ཆེན་པོ་གཅིག་ཀྱང་བྱུང་མེད་པ་མཐོང་ཐུབ།

ཞིང་ཆེན་ཟས་རིགས་བདེ་འཇགས་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས། རང་ཞིང་གིས་ཆེས་ནན་པའི་རེ་བ་བཞི་ལྟར། མང་ཚོགས་ཀྱིས་དོ་སྣང་བྱེད་པའི་ཟས་རིགས་བདེ་འཇགས་གནད་དོན་ལ་དམིགས་ནས། ཁོངས་གཏོགས་ས་ཆའི་དོ་དམ་འགན་འཁྲི་དང་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་ཀྱི་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། ཟས་རིགས་བདེ་འཇགས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་ཁྱབ་གདལ་ཞིབ་བཤེར་བྱེད་ཚད་ཇེ་ཆེར་གཏོང་བ། ཁུལ་ཁོངས་ཡོངས་དང་ཕྲེང་འབྲེལ་ཡོངས་ནས་ཟས་རིགས་བདེ་འཇགས་བྱ་བ་ཆུ་ཚད་མཐོ་བ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། ཧུར་ཐག་གིས་ཟས་རིགས་བདེ་འཇགས་ཀྱི་སྤྱི་ཚོགས་མཉམ་བཅོས་མཉམ་སྤྱོད་ཀྱི་རྣམ་པ་གསར་བ་གྲུབ་པར་བྱེད་པ། ཟས་རིགས་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ཏེ། མི་དམངས་མང་ཚོགས་བཟས་བཏུང་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་ཡིན་ཟེར། 

རིན་ཆེན་མཚོས་བསྒྱུར།