ཟླ1པོའི་ཚེས2ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་རྒྱུས་ལོན་བྱུང་པ་ལྟར་ན། ལས་ཐོག་ནས་རྨས་སྐྱོན་བྱུང་བ་དང་ཚེ་ལས་འདས་པའི་ལས་བཟོ་པའི་གཉེན་ཉེ་འཚོ་སྐྱོང་བྱེད་པའི་ཁེ་ཕན་ལ་འགན་སྲུང་ལེགས་པོ་བྱ་ཆེད། 《ལས་རྨས་འགན་བཅོལ་གྱི་འབྲེལ་ཡོད་ཐོབ་ཐང་ལེགས་སྒྲིག་བྱེད་པའི་སྐོར་གྱི་བརྡ་ཐོའི》ནང་དོན་ལྟར། ཞིང་ཆེན་སྤྱི་ཚོགས་འགན་བཅོལ་ཅུའུ་ཡིས་གཅིག་གྱུར་འཆར་འགོད་བཀོད་སྒྲིག་དང་འབྲེལ་ཡོད་བྱ་བར་སྐུལ་འདེད་བཏང་སྟེ། ན་ནིང་གི་ཟླ1པོ་ནས་ཟླ11པའི་བར་གྱི་ཐོབ་ཐང་གསབ་སྤྲོད་ལེགས་སྒྲིག་བྱས་པ་དང་། ཟླ12པར་བསྐྱར་དུ་ཞིབ་རྩིས་བྱས་རྗེས་ཀྱི་ཐོབ་ཐང་ཁྱོན་བསྡོམས་སྒོར་མོ་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་བཞི་ཁྲི་དགུ་དང་སྟོང་དྲུག་ཡོངས་སུ་སྤྲད་ནས། ཞིང་ཆེན་ཡོངས་ཀྱི་ལས་རྨས་འགན་བཅོལ་གྱི་དབང་པོ་སྐྱོན་ཅན་གྱི་ཕོགས་སྣོན་དང་། བདག་སྐྱོང་གྲོན་དངུལ། གཉེན་ཉེ་འཚོ་སྐྱོང་གི་གཟིགས་སྐྱོང་དངུལ་བཅས་ལོངས་སུ་སྤྱོད་མཁན་མི2629ལ་ཕན་པ་ཐོབ་པ་རེད།
ཞིང་ཆེན་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོར་ཐོབ་ཐང་ལོངས་སྤྱོད་བྱེད་མཁན་དང་མ་དངུལ་སོགས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱེད་པར་མཛུབ་ཁྲིད་བྱས་པ་དང་། གྲོན་དངུལ་སྤྱོད་པའི་འཆར་གཞི་སྔོན་ལ་ཚོད་རྩིས་གཏན་འཁེལ་བྱས་ནས། ནོར་སྲིད་སྡེ་ཁག་དང་འབྲེལ་གཏུག་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ་མ་དངུལ་སྙོམས་སྒྲིག་གྲ་སྒྲིག་ཡག་པོ་བྱས་པ་རེད། ཐོབ་ཐང་ལེགས་སྒྲིག་བྱེད་པའི་ཁྱབ་ཁོངས་དང་ལེགས་སྒྲིག་དུས་ཚོད། ལེགས་སྒྲིག་ཚད་གཞི་བཅས་གཞིར་བཟུང་ནས་ཆ་འཕྲིན་མ་ལག་ཚད་ལེན་ཚོད་ལྟ་དང་གཞི་གྲངས་ཞིབ་བཤེར་བྱེད་པའི་བྱ་བ་སྔ་སྣུར་གྱིས་སྤྲོད་སྟངས་ཡང་དག་ཡོང་བར་འགན་ལེན་བྱེད་དགོས། ཐོབ་ཐང་སྤྲོད་པའི་བརྒྱུད་རིམ་ལ་ལྟ་རྟོག་ལེགས་པོ་བྱས་ཏེ་སྤྲོད་ཚད་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་དང་། ལེགས་སྒྲིག་བྱ་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ཞིང་ཆེན་སྤྱི་ཚོགས་འགན་བཅོལ་ཅུའུ་ཡིས་སྲིད་ཇུས་གཏན་འབེབས་ལག་བསྟར་ནན་མོ་བྱས་ཏེ། ལེགས་སྒྲིག་བྱས་རྗེས་ཀྱི་ཚད་གཞི་ལྟར་ཐོབ་ཐང་སྤྲོད་རྒྱུར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།སྒྲུབ་གཉེར་ཞབས་ཞུ་མུ་མཐུད་མཐོ་རུ་གཏོང་བ། ཐེབས་རྩའི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། འགན་བཅོལ་ནང་ཞུགས་པའི་ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་དོན་འཁྱོལ་བྱེད་པར་འགན་ལེན་བྱ་རྒྱུ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།