ཉིས་སྟོང་ཉེར་བཞི་ལོར། མཚོ་སྔོན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱིས་འགྲིམ་འགྲུལ་གྱི་གཙོ་གནད་ལས་གཞིའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུའི་འགན་སྲུང་ནུས་པ་མཐོར་འདེགས་ཤུགས་ཆེན་བཏང་སྟེ། བསྡོམས་རྩིས་བྱས་ན་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་བདུན་བྱེ་བ་གཉིས་ས་ཡ་བདུན་བཏང་། འགྲིམ་འགྲུལ་གྱི་གཙོ་གནད་ལས་གཞི་དྲུག་བསྐྲུན་ནས་ཞིང་ཆེན་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ(རིམ་པ་དང་པོའང་ཚུད)དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་སྟོང་ལྔ་བརྒྱ་དང་ལྔ་བཅུ་ཟིན་པ་དང་། གྲོང་ཁྱེར་དང་ཁུལ་རྫོང་སོ་སོའི་བརྒྱ་ཆའི་དོན་དྲུག་ལ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པར་སྐུལ་འདེད་བཏང་ཡོད།
ཉིས་སྟོང་ཉེར་བཞི་ལོར་མཚོ་སྔོན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཚོགས་པས་རིག་སྨོན་ནས་མཚོ་སྔོན་པོ་དང་ཚྭ་ཁ་བར་གྱི་འགྲིམ་འགྲུལ་ལས་གཞིའི་འཛུགས་སྐྲུན་ཁྲོད་རིག་སྨོན་ནས་ནུར་ལྕེ་བར་གྱི་འཛུགས་སྐྲུན་ལེགས་འགྲུབ་བྱས་ཡོད། ལའོ་ཏུའུ་ནས་དཔའ་ལུང་བར་གྱི་མྱུར་བགྲོད་གཞུང་ལམ་དང་མཚོ་ཤར་གྱི་གཞུང་ལམ་གཙོ་བོའི་མ་ལག་གལ་ཆེན་ལེགས་བསྒྱར་བྱས་ཏེ། ལའོ་ཏུའུ་ཤར་ནས་ཕན་ཚུན་འབྲེལ་མཐུད་དང་མིན་ཧོ་ནས་ལ་མུས་ཝན་ཕན་ཚུལ་འབྲེལ་མཐུད་སོགས་ལེགས་འགྲུབ་བྱུང་ཡོད། དུས་མཚུངས་སུ“མྱུར་བགྲོད་ས་ཚུགས་ལྔའི”དམངས་ཕན་ཞབས་ཞུའི་ས་ཚིགས་ཤར་གཏོང་ཐུབ་པ་དང་། མྱུར་བགྲོད་གཞུང་ལམ་ཞབས་ཞུའི་ཁུལ་གྱི“རླངས་འཁོར་དང་དངོས་ཟོག་ལ་སེམས་ཁྲལ་མེད་པའི”སྤྱི་དམངས་ཀྱི་འགན་འཁྲིའི་འགན་བཅོལ་ལ་དངོས་སུ་ནུས་པ་ཐོན་ཡོད་ལ། ལོ་ཧྲིལ་པོའི་མྱུར་བགྲོད་གཞུང་ལམ་གྱི་འགྲུལ་བཞུད་འགྲོ་གྲོན་སྒོར་དུང་ཕྱུར་བཞི་དང་བྱེ་བ་གཅིག་ས་ཡ་དྲུག་མེད་པར་བཟོས། ཤར་བགྲོད་ཞབས་ཞུའི་འགན་ལེན་དེ་བས་ནུས་ལྡན་བྱུང་ཡོད་པ་རེད།
ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་འཕེལ་རྒྱས་ཀྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་ཕྱིན་པ་དང་། ཞིང་ཆེན་ཡོངས་ཀྱི“ཐཱན་མེད་ཞབས་ཞུའི་ཁུལ”ཐོག་མ་སྟེ། པེ་ཅིན་ནས་བོད་ལྗོངས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གུང་ཧོ་ཞབས་ཞུའི་ཁུལ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་འབྲེལ་སྤྱོད་འགོ་ཚུགས་པ་རེད། ཞིང་ཆེན་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་ཞབས་ཞུའི་ཁུལ་ཐོག་མ་ཡིན་པའི་འོད་ཤུགས་གློག་གཏོང་ལས་གཞི་སྟེ་ན་གོར་མོ་ནས་མང་ངེ་བར་གྱི་གཞུང་ལམ་དུ་འོད་ཤུགས་རྣམ་པའི་དྲ་སྦྲེལ་གློག་གཏོང་འགོ་ཚུགས་པ་དེས་ཞབས་ཞུའི་ཁུལ་གྱི་ནུས་ཁུངས་སྤྱོད་པའི་མ་གནས་ཇེ་དམའ་རུ་ཕྱིན་པ་དང་། ལོ་ལྟར་ཚད་ལྡན་རྡོ་སོལ་འབར་ཚད་ཏུན་ས་ཡ་དྲུག་དང་འབུམ་དགུ་ཁྲི་ལྔ་སྟོང་དྲུག་ཇེ་ཉུང་དུ་ཕྱིན་པ། གཉེར་སྐྱོང་རིན་བསྡུའི་གཞུང་ལམ་གྱི་ཞབས་ཞུའི་ཁུལ་གྱི་གློག་གསོག་ས་བདིན་ཅུ་དོན་བཞི་ཇེ་མང་དུ་བཏང་ཡོད་ལ། མིག་སྔར་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཞབས་ཞུའི་ཁུལ་ལྔ་བཅུ་ལ་ཁེབས་ཡོད། སྤྱིའི་གློག་གསོག་འཁོར་གནས་སུམ་བརྒྱ་ང་ལྔ་ཟིན་ནས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལྗང་མདོག་ཕྱིར་སྐྱོད་ཀྱི་བྱེད་ཐབས་སྔར་ལས་འཐུས་ཚང་དུ་ཕྱིན་ཡོད་པ་རེད།
ཚེ་མགོན་རྒྱལ་གྱིས་བསྒྱུར།