མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་འགྱིག་ཤོག་གི་སྦགས་བཙོག་བཅོས་སྐྱོང་བྱེད་པར་མུ་མཐུད་དུ ཤུགས་བསྣན་ཏེ། འགྱིག་ཤོག་གི་ཐོན་རྫས་ཐོན་སྐྱེད་དང་བཀོལ་སྤྱོད་ཁྱབ་ཁུངས་ཇེ་ཉུང་དུ་གཏོང་བར་གོ་རིམ་ཡོད་པའི་ངང་སྐུལ་འདེད་བཏང་ནས། 2024ལོའི་འགྱིག་ཤོག་གི་སྦགས་བཙོག་བཅོས་སྐྱོང་བྱ་བར་གྲུབ་འབྲས་མངོན་གསལ་བླངས། 2024ལོའི་ཟླ12པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་རྒྱུར། ཆེད་དམིགས་འགུལ་སྐྱོད་ལག་བསྟར་བྱས་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཁོངས་གཏོགས་ནས་བསྡོམས་པའི་ཁྲིམས་འཛིན་མི་སྣ་སྟོང་ལྔ་དང་སུམ་བརྒྱ་སོ་དགུ་ལྷག་དེར་ཞུགས་ནས། རིགས་མི་འདྲ་བའི་ཚོང་གཉེར་བྱེད་པོ་ཁྲི་གསུམ་དང་སྟོང་བདུན་བཞི་བརྒྱ་ལ་ཞིབ་བཤེར་བྱས་པ་དང་། ཚད་ལྡན་མིན་པའི་འགྱིག་ཤོག་གི་ཉོ་སྒྲུབ་ཁུག་མ་སོགས་འགྱིག་རྫས་འབུམ་གཉིས་དང་ཁྲི་དགུ་སྟོང་བརྒྱད་ལྷག་གཞུང་བཞེས་བྱས། ཚོང་གཉེར་བྱེད་པོ་བརྒྱ་དང་གྱ་དྲུག་ལ་གླེང་མོལ་བྱས་ལ། གྱོད་དོན་བཅུ་གཅིག་ལྷག་སྒྲུབ་ནས། སྒོར་ཁྲི་བཞི་དང་སྟོང་བདུན་ལྷག་གི་ཆད་པ་བཅད།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས《མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི2024ལོའི་འགྱིག་ཤོག་གི་སྦགས་བཙོག་བཅོས་སྐྱོང་གི་ཆེད་དམིགས་འགུལ་སྐྱོད་སྤེལ་བའི་སྐོར་གྱི་བརྡ་སྦྱོར》པར་འགྲེམ་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཁྲོམ་རའི་ལྟ་སྐུལ་མ་ལག་གི2024ལོའི་འགྱིག་ཤོག་གི་སྦགས་བཙོག་བཅོས་སྐྱོང་གི་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། བསམ་བློའི་འདུ་ཤེས་གཅིག་གྱུར་དང་། བྱ་བའི་གོ་རིམ་གཅིག་གྱུར། བྱ་བའི་ནང་དོན་གཅིག་གྱུར། བྱ་བའི་ཚད་གཞི་གཅིག་གྱུར་སྒོས་འགྱིག་ཤོག་གི་སྦགས་བཙོག་བཅོས་སྐྱོང་གི་བྱ་བ་ཁག་སོ་སོ་ནུས་ལྡན་དོན་འཁྱོལ་བྱེད་པར་སྐུལ་འདེད་བྱས། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་སྒོས་དྲིལ་བསྒྲགས་བྱེད་པར་དོ་སྣང་བྱས་ནས། “ཁེ་ལས་སུ་བསྐྱོད་པ་དང་། ཁྲོར་རར་བསྐྱོད་པ། ཚོང་རར་བསྐྱོད་པ། ཚོང་བདག་གི་ཁྱིམ་དུ་བསྐྱོད་པའི”བྱ་འགུལ་སྤེལ་བ་དང་། འཕྲེད་བྱང་འགེལ་བ་དང་ཚོགས་འདུ་བསྡུ་བ། དྲིལ་བསྒྲགས་ཡིག་ཆ་དཔར་བ། 《གྲོས་གཞིའི་ཡིག་ཆ》སྤེལ་བ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་རྫས་སྤུས་ཚད་བཅའ་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲ་གཟུགས་རྫས་སྙིགས་ཀྱི་ཁོར་ཡུག་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས》སོགས་ཁྲིམས་ལུགས་ཁྲིམས་སྲོལ་ཁྱབ་བསྒྲགས་བྱས་ནས། དམངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་ནུས་ཁུངས་གྲོན་ཆུང་། འཛད་སྤྱོད་ཡང་དག་གི་རྣམ་པ་ཕན་ནུས་ལྡན་པའི་སྒོ་ནས་ཆགས་པར་བྱས། དེའི་སྐབས། ཞིང་ཆེན་ཡོངས་ཀྱི་ཁོངས་གཏོགས་ནས་བསྡོམས་པས་འགྱིག་ཤོག་སྦགས་བཙོག་བཅོས་སྐྱོང་གི་འབྲེལ་ཡོད་ཤེས་བྱའི་གསོ་སྦྱོང་ཐེངས་གཅིག་སྤེལ་དང་། དྲིལ་བསྒྲགས་དང་ལག་ལེན་བྱ་འགུལ་ཐེངས་ང་བརྒྱད་ལྷག་བསྡུས་ལ། དྲིལ་བསྒྲགས་ཡིག་ཆ་ཆིག་ཁྲི་བདུན་སྟོང་ལྷག་བྱིན་པ་དང་། ཁོར་སྲུང་ཉོ་སྒྲུབ་ཁུག་མ་འབུམ་གཅིག་དང་ཁྲི་དྲུག་སྟོང་དྲུག་ལྷག་བྱིན། འགྱིག་ཤོག་ཚོད་འཛིན་གྱི་ཁས་ལེན་ཡི་གེ་བཞི་བརྒྱ་བཅུ་ལྷག་ལ་མིང་རྟགས་བཀོད་ནས། ཚོང་ར་དང་། ཞིང་ལས་ཉོ་ཚོང་ཁྲོམ་ར་སོ་སོར་འགྱིག་འགོག་གྲོས་སྐུལ་ཡི་གེ་བསྡོམས་པས་སུམ་སྟོང་སོ་ལྔ་ལྷག་སྦྱར།
དེ་དང་ཆབས་ཅིག གཙོ་གནད་བཟོ་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་གཤེར་དང་སྤུས་ཚད་ལག་རྩལ་ལ་རོགས་སྐྱོར་བྱས་ནས་སྤུས་ཚད་མཐོར་འདེགས་དང་ཁེ་ལས་སྟོབས་ལྡན་དུ་བསྒྱུར་བའི་བྱ་འགུལ་སྤེལ་ནས། ཞིང་ཆེན་ཡོངས་ནས་ཟས་རིགས་ལ་འགྱིག་ཤོག་གིས་ཐུམ་སྒྲིལ་བྱེད་པའི་སྣོད་ཆས་ཡོ་བྱེད་བཀོལ་བའི་ཐོན་རྫས་ཐོན་སྐྱེད་ཁེ་ལས་ང་བཞི་ལ་ཡོངས་ཁྱབ་སྒོས་ཞིབ་བཤེར་བྱས་ལ། ཞིབ་བཤེར་ཁྲོད་རྙེད་རྟོགས་བྱུང་བའི་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དོ་དམ་ལམ་ལུགས་ཆ་ཚང་མིན་པ་དང་། དོན་འཁྱོལ་གནད་ལ་མི་ཁེལ་བ་སོགས་ཀྱི་གནད་དོན་ཐད། གནས་ཚུལ་ལ་གཞིགས་ནས་ཡུལ་དངོས་ནས་ལེགས་སྒྲིག་དང་དུས་བཀག་ལེགས་སྒྲིག་གི་བླང་བྱ་བཏོན། ཞིང་བཀོལ་འགྱིག་ཤོག་ཐོན་སྐྱེད་བྱེད་པའི་ཁེ་ལས་གསུམ་དང་། ཟས་རིགས་དང་འབྲེལ་བའི་ཐོན་རྫས་ཐོན་སྐྱེད་བྱེད་པའི་ཁེ་ལས་གོ་བདུན་ལ་ཞིབ་བཤེར་བྱས། ཞིབ་བཤེར་བྱས་པ་བརྒྱུད། ཁེ་ལས་ཡོངས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ནན་ཏན་སྒོས་ལག་བསྟར་བྱས་ཡོད་པར་མ་ཟད། ད་ཡོད་ཀྱི་ཚད་གཞི་གཞིར་བཟུང་ནས་ཐོན་སྐྱེད་བྱས་ཡོད་ལ། མཐུག་ཚད་ཧའོ་སྨི0.025ལས་ཆུང་བའི་འགྱིག་ཤོག་ཉོ་སྒྲུབ་ཁུག་མ་དང་མཐུག་ཚད་ཧའོ་སྨི0.01ལས་ཆུང་བའི་ཞིང་བཀོལ་འགྱིག་ཤོག་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་པའི་གནད་དོན་གཅིག་ཀྱང་རྙེད་མེད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།