སྡེ་ཁག་གསུམ་གྱིས་སྐོར་གཉིས་པའི་ཀྲུང་དབྱང་གི་གནོད་སྐྱོབ་དངོས་རྫས་ཁྲི་གཉིས་མངགས་སྐྱེལ་བྱས།
2025.01.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 47

བོད་ལྗོངས་དིང་རི་རྫོང་དུ་ཚད་རིམ6.8ཅན་གྱི་ས་ཡོམ་བྱུང་བའི་གནོད་སྐྱོབ་བྱ་བའི་དགོས་མཁོ་གཞིར་བཟུང་སྟེ། ཚེས8ཉིན་རྒྱལ་ཁབ་གནོད་འགོག་གནོད་སེལ་གནོད་སྐྱོབ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་། འཕྲལ་བསྟུན་དོ་དམ་པུའུ་ཡིས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོང་གྲབས་གསོག་ཅུའུ་དང་མཉམ་དུ་དེ་སྔོན་ཀྲུང་དབྱང་གི་གནོད་སྐྱོབ་དངོས་ཟོང་ཁྲི་གཉིས་མངགས་སྐྱེལ་བྱས་པའི་རྨང་གཞིའི་སྟེང་། ཡང་བསྐྱར་གནོད་ཁུལ་དུ་ཉལ་ཐུལ་དང་སྟབས་བདེ་མལ་ཁྲི་སོགས་ཀྲུང་དབྱང་གི་གནོད་སྐྱོབ་དངོས་རྫས་ཁྲི་གཉིས་མངགས་སྐྱེལ་བྱས་ནས། ས་ཡོམ་གནོད་འཚེ་ཅུང་ཚབས་ཆེ་བའི་དིང་རི་རྫོང་དང་དེའི་ཉེ་འཁོར་ས་ཁུལ་དུ་གནོད་སྐྱོབ་རོགས་སྐྱོབ་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱས།

གནོད་ཁུལ་མཐོ་སྒང་ཡིན་ལ་མཚོ་འཕངས་མཐོ་ཞིང་ནམ་ཟླ་གྲང་ངར་ཆེ་བ་སོགས་ཀྱི་དམིགས་བསལ་གནས་ཚུལ་ལ་ཁ་གཏད་དེ། རྒྱལ་ཁབ་གནོད་འགོག་གནོད་སེལ་གནོད་སྐྱོབ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་མཚོ་སྔོན་དང་། སི་ཁྲོན་ཞིང་ཆེན་གཉིས་དང་། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པ་སྤྱིའི་ལྷན་ཚོགས་སོགས་དང་མཐུན་སྦྱོར་བྱས་ནས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ས་ཡོམ་གནོད་ཁུལ་དུ་སྟབས་བདེ་ཁང་བ་སྟོང་གཉིས་ཀྱིས་རོགས་སྐྱོར་བྱས། གཞིས་ཀ་རྩེ་གྲོང་ཁྱེར་ཡོམ་འགོག་གནོད་སྐྱོབ་བཀོད་འདོམས་པུའུ་ཡིས་ཆེད་དོན་བྱ་བའི་ཚན་ཆུང་བཙུགས་ཏེ། ཡུལ་དངོས་ཀྱི་ས་བདེ་ཐང་དང་། སྟབས་བདེ་ཁང་བ་ལེན་པ། བཟོ་བསྐྲུན་དང་དེར་མཐུད་ཀྱིས་མང་ཚོགས་བཀོད་སྒྲིག་བྱེད་པའི་བྱ་བར་མཐུན་སྦྱོར་གང་ལེགས་བྱས་ནས་གནོད་ཐེབས་མང་ཚོགས་ཀྱིས་བདེ་འཇགས་ངང་དགུན་བསྐྱལ་ཐུབ་པར་ཁག་ཐེག་བྱས།

གཞན་རྒྱལ་ཁབ་གནོད་འགོག་གནོད་སེལ་གནོད་སྐྱོབ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་། འཕྲལ་བསྟུན་དོ་དམ་པུའུ་ཡིས་ཚོང་དོན་པུའུ་དང་མཉམ་དུ་འཕྲལ་བསྟུན་དངོས་ཟོང་ཐད་ནས་སྲིད་གཞུང་དང་སྤྱི་ཚོགས་ལ་མཐུན་སྦྱོར་བྱེད་པའི་འགན་སྲུང་རྐྱེན་སྲོལ་བརྒྱུད། ཀྲུང་གོའི་གྲོང་གསེབ་འཕེལ་རྒྱས་ཐེབས་རྩ་ཚོགས་པ་སོགས་དང་མཐུན་སྦྱོར་བྱས་ནས་གནོད་ཁུལ་དུ་སྐོར་གཉིས་པའི་གྲང་ངར་འགོག་ནུས་པའི་དངོས་རྫས་འབུམ་གཉིས་ཀྱིས་རོགས་སྐྱོབ་བྱས་ཏེ། གནོད་ཁུལ་དུ་གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་བྱ་བ་ལེགས་པོར་བསྒྲུབ་པར་རྒྱབ་སྐྱོར་བྱས།

ས་ཡོམ་བྱུང་རྗེས། ཀྲུང་གོ་ས་ཡོམ་ཅུའུ་ཡིས་མུ་མཐུད་དུ་ཀྲུང་གོ་ས་ཡོམ་ཁང་དྲ་བའི་ལྟེ་གནས་དང་། བོད་རང་སྐྱོང་ལྗོངས་ས་ཡོམ་ཅུའུ། ས་ཡོམ་སྔོན་དཔག་ཞིབ་འཇུག་ཁང་སོགས་ལས་ཁུངས་རྩ་འཛུགས་བྱས་ཏེ་ཐེངས་མང་པོར་བྲེལ་མྱུར་གྲོས་མོལ་བྱས་ཤིང་། ཡོམ་ཁུལ་གྱི་སྐབས་ཐོག་རང་བཞིན་གྱི་ས་ཡོམ་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱས། བོད་ལྗོངས་དང་སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན། ཞིན་ཅང་སོགས་ཀྱི་ས་ཡོམ་ཅུའུ་དང་ཀྲུང་གོ་ས་ཡོམ་ཅུའུ་ཁོངས་གཏོགས་ཀྱི་ཡོམ་འགོག་ལྟེ་གནས། ས་གཤིས་བརྟག་དཔྱད་ཁང་། བཟོ་ལས་ནུས་ཤུགས་ཁང་སོགས་ལས་ཁུངས་ཀྱི་མི་90མངགས་ཏེ། ཆེད་ལས་སྒྲིག་ཆས་ཁྱེར་ནས་མྱུར་དུ་ཡོམ་ཁུལ་དུ་ཐོན་པར་བྱས་ལ། ས་གནས་སྲིད་གཞུང་དང་མཐུན་སྦྱོར་མཛུབ་སྟོན་གྱིས་ཡུལ་དངོས་ཀྱི་འཕྲལ་བསྟུན་ལྟ་ཞིབ་དང་གནོད་འཚེ་རྟོག་ཞིབ། དྲག་ཚད་དཔྱད་སྡུར་སོགས་འཕྲལ་བསྟུན་ཐག་གཅོད་བྱ་བ་སྤེལ། མིག་སྔར་འགུལ་རྣམ་ཡོམ་སྟེགས་སྒྲིག་ཆས་གཉིས་ཀྱི་གཞི་གྲངས་ཕྱིར་སྐྱེལ་བྱ་བ་ལེགས་འགྲུབ་བྱུང་།

རིག་འཛིན་སྒྲོལ་མས་བསྒྱུར།