མཚོ་སྔོན་མགོ་ལོག་ཁུལ་རྨ་སྟོད་རྫོང་དུ་ཚད་རིམ5.5ཡི་ས་ཡོམ་བྱུང་།
2025.01.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཀྲུང་གོའི་ས་ཡོམ་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། 2025ལོའི་ཟླ1ཚེས8ཉིན་གྱི་ཆུ་ཚོད15དང་སྐར་མ44ཡི་སྟེང། མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང(བྱང་གི་འཕྲེད་ཐིག་ཏུའུ34.79 ཤར་གྱི་གཞུང་ཐིག་ཏུའུ97.51)དུ་ཚད་རིམ5.5ཡི་ས་ཡོམ་བྱུང་བ་དང་། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ14ཡོད།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ས་ཡོམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ས་ཡོམ་ཅུའུ་ཡི་ཡུལ་དངོས་བྱ་བའི་རུ་ཁག་གིས་སྐོར་ཐེངས་གཉིས་ལ་མི་བདུན་མངགས་པ་དང་། མགོ་ལོག་ས་ཡོམ་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱིས་མི་གསུམ་མངགས་ནས་ཡོམ་ཁུལ་གྱི་གནོད་འཚེའི་གནས་ཚུལ་རྒྱུས་ལོན་བྱས། ཐོག་མར་རྒྱུས་ལོན་བྱུང་བ་ལྟར་ན། རྨ་སྟོད་རྫོང་མཁར་གྱི་ཡོམ་ཚོར་མངོན་གསལ་ཡིན་ལ། རྫོང་མཁར་གྱི་རྨང་གཞིའི་སྒྲིག་ཆས་ལ་གནོད་སྐྱོན་དང་གཏོར་བརླག་ཚབས་ཆེན་ཐེབས་མེད། ས་ཡོམ་བྱུང་སར་ཐག་ཉེ་སའི་སྡེ་བ་ནི་ས་ཡོམ་བྱུང་ས་དང་བར་ཐག་ཕལ་ཆེར་སྤྱི་ལེ་བདུན་ཡོད་པའི་མཚོ་སྐྱ་རེངས་ཡུལ་ཚོའི་མདོ་གཞུང་སྡེ་བ་དང་། ས་ཡོམ་བྱུང་ས་དང་ཕལ་ཆེར་བར་ཐག་སྤྱི་ལེ་བཅུ་བཞི་ཡོད་པའི་དཀར་རྩེ་སྡེ་བ་དང་མཚལ་རྩེ་སྡེ་བ་བཅས་ཡིན་ལ། སྡེ་བ་གསུམ་པོར་ཁང་བ་བརྡིབས་པ་དང་མི་སྣ་ཤི་རྨས་ཀྱི་གནས་ཚུལ་བྱུང་མེད། མཚོ་སྔོན་ས་ཡོམ་ཅུའུ་ཡིས་ཀྲུང་གོའི་ས་ཡོམ་དྲ་བའི་ལྟེ་གནས་དང་མཉམ་འབྲེལ་གྲོས་མོལ་བྱས་ནས་ས་ཡོམ་གནས་ཚུལ་གྱི་འཕེལ་ཕྱོགས་ཞིབ་གཅོད་བྱས།

དེ་ལས་གཞན། གསར་འགོད་པས་རྨ་སྟོད་རྫོང་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ1པོའི་ཚེས9ཉིན་གྱི་ནམ་གུང་གི་ཆུ་ཚོད12དང་སྐར་མ30ཡི་བར་དུ། ཐེངས་འདིའི་ས་ཡོམ་སྐབས་སུ་མི་སྣར་ཤི་རྨས་དང་ཁང་བར་གནོད་སྐྱོན་ཐེབས་པའི་གནས་ཚུལ་གྱི་སྙན་ཞུ་འབྱོར་མེད་ཟེར།

ལྷ་མོ་འཚོས་བསྒྱུར།