ཟླ1ཚེས8ཉིན་གྱི་ཆུ་ཚོད19བར། བོད་ལྗོངས་དིང་རི་རྫོང་དུ་ཚད་རིམ6.8ཀྱི་ས་ཡོམ་བྱུང་ནས་མི126རྐྱེན་ལམ་དུ་ཤོར་བ་དང་མི188ལ་རྨས་ཕོག ཡོམ་འགོག་གནོད་སེལ་གྱི་བྱ་བ་སྣ་ཚོགས་མགྱོགས་མྱུར་སྒོས་སྤེལ་བཞིན་ཡོད་ལ། རོགས་སྐྱོབ་ནུས་ཤུགས་ཚང་མས་ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་བཤེར་བྱེད་བཞིན་ཡོད་པ་དང་། གནོད་ཐེབས་མང་ཚོགས་བཀོད་སྒྲིག་ཡག་པོ་བྱས་ནས། ཁོ་ཚོས་བདེ་འཇགས་ཀྱི་དགུན་བརྒལ་བར་ཁག་ཐེག་བྱས།
ཚེས་བརྒྱད་ཉིན་གྱི་དགོང་མོ་ནི་ས་ཡོམ་རྗེས་ཀྱི་མཚན་དང་པོ་ཡིན་ལ། གནོད་ཁུལ་གྱི་ཆེས་དམའ་བའི་དྲོད་ཚད་གོར་ཐིག་མན་གྱི18ཡས་མས་རེད། དིང་རི་རྫོང་གྲམ་སོ་ཡུལ་ཚོའི་མཚོ་འཕང་མུས4300ཡིན་པ་དང་གནོད་ཐེབས་ཅུང་ཚབས་ཆེ་བའི་ས་ཁུལ་རེད། གནས་དེ་རུ་མཚན་མོ་དེར་རས་གུར་མང་པོ་ཕུབ་ཡོད་པ་དང་། ཡུལ་དངོས་སུ་ད་དུང་དྲོད་ལྡན་ཟ་མ་འདོན་སྤྲོད་བྱེད་པའི་གནས་བཀོད་སྒྲིག་བྱས་ཡོད། མིག་སྔར། གྲམ་སོ་ཡུལ་ཚོ་རུ་གནས་སྐབས་བཀོད་སྒྲིག་གནས 29 བཙུགས་ཡོད་པ་དང་། མི་སྟོང་བཞི་ལྷག་གནས་དེ་རུ་བཀོད་སྒྲིག་བྱས་ཡོད།
ཚེས་བརྒྱད་ཉིན་གྱི་ཉིན་གུང་གི་ཆུ་ཚོད12བར། བོད་ལྗོངས་དིང་རི་རྫོང་གི་ཚད་རིམ6.8ཀྱི་ས་ཡོམ་ཁྲོད་བསྡོམས་པའི་ཡོམ་འཕྲོ646བྱུང་བ་དང་། གནོད་སྐྱོབ་མི་སྣས་མཚོ་འཕང་མཐོ་བ་དང་དབྱང་དབུགས་དཀོན་པ་སོགས་ཀྱི་ཆ་རྐྱེན་ཁྱད་དུ་བསད་ནས། ཡོམ་འཕྲོ་མུ་མཐུད་དུ་འབྱུང་བའི་ཉེན་ཁ་བརྒྱུད་དེ་ཆུ་ཚོད་སྐར་ཆ་ཙམ་ཡང་དམ་འཛིན་བྱས་ཏེ་ས་འོག་ཏུ་བཅུག་པའི་མི་སྣ་འཚོལ་སྐྱོབ་བྱས། མིག་སྔའི་བར་དུ། རིམ་པ་སོ་སོའི་འཕྲལ་བསྟུན་རོགས་སྐྱོབ་དང་མེ་ཟོན་རོགས་སྐྱོབ། ནགས་ཚལ་མེ་ཟོན། སྤྱི་བདེ་ཉེན་རྟོག་པ། དམག་དཔུང་གི་དཔོན་དམག་དེ་མིན་སྤྱི་ཚོགས་འཕྲལ་བསྟུན་རོགས་སྐྱོབ་ཀྱི་མི་ཁྲི་གཅིག་དང་སྟོང་གཉིས་ཀྱི་ནུས་ཤུགས་བཅས་བརྟེན་ནས་མི་སྣ་འཚོལ་སྐྱོབ་བྱས། གནོད་ཐེབས་ས་ཁུལ་དུ་བསྡོམས་པའི་བཀོད་སྒྲིག་གནས187ཡོད་པ་དང་མི་ཁྲི་བཞི་དང་སྟོང་དྲུག་ལྔ་བརྒྱ་ལྷག་བཀོད་སྒྲིག་བྱས་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཞབས་ཞུའི་ཚན་ཆུང་བཙུགས་ནས། སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་ནུས་ཤུགས་ཡོད་རྒུས་གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱས།
རྨས་མ་སྐྱོབ་བཅོས་ཀྱི་བྱ་བ་དམ་འཛིན་བྱས་ནས་སྤེལ་བཞིན་ཡོད། བོད་རང་སྐྱོང་ལྗོངས་དང་གཞིས་ཀ་རྩེ་གྲོང་ཁྱེར་གྱི་རིམ་པ་མང་པོའི་སྨན་བཅོས་ལས་ཁུངས་ཀྱིས་རུ་ཁག14རྩ་འཛུགས་བྱས་ཏེ། སྔ་རྗེས་སུ་དིང་རི་རྫོང་དུ་འབྱོར་བ་དང་། རུས་ནད་དང་བཟི་སྦྲིད་སོགས་ཚན་ཁག་མང་པོའི་ཆེད་མཁས་པ30དང་རུ་མི100ལྷག་ཡོད། དིང་རི་རྫོང་གི་ལྟེ་བའི་སྨན་ཁང་གིས་མིག་སྔར་རྨས་མ180ལྷག་བསྐྱབ་པ་དང་། རྨས་སྐྱོན་ཚབས་ཆེ་བ་གཞིས་ཀ་རྩེ་གྲོང་ཁྱེར་དུ་བསྐྱལ་ནས་སྨན་བཅོས་བྱེད་ཀྱིན་ཡོད།
གནོད་ཐེབས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་པ་མྱུར་དུ་བཅོས་སྐྱོང་བྱེད་ཀྱིན་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཆེད་མཁས་པ་མངགས་ནས་མཛུབ་སྟོན་ཚན་ཆུང་བཙུགས་པ་དང་། གནོད་ཐེབས་ས་ཁུལ་གྱི་གཞུང་ལམ་ཤར་གཏོང་གི་ཐད་ཡུལ་དངོས་སུ་མཛུབ་སྟོན་བྱེད་ཀྱིན་ཡོད། མིག་སྔར། ས་ཡོམ་གྱིས་གནོད་འཚེ་ཐེབས་པའི་རྒྱལ་ལམ་གྱི་གནས་བདུན་སླར་གསོ་བྱས་ནས་རླངས་འཁོར་ཤར་གཏོང་བྱས་ཡོད། གཞིས་ཀ་རྩེ་དིང་རི་གནམ་གྲུ་ཐང་དང་ཞི་བདེའི་གནམ་གྲུ་ཐང་རྒྱུན་ལྡན་སྒོས་འཁོར་སྐྱོད་བྱེད་ཀྱིན་ཡོད། རྒྱལ་ཁབ་གློག་དྲས་མི་སྣ་དང་འཕྲལ་བསྟུན་མྱུར་སྐྱོབ་ཀྱི་སྒྲིག་ཆས་དང་དངོས་པོ་བཀོད་སྒྲིག་བྱས་ཏེ། གནོད་ཐེབས་རྗེས་ཀྱི་གློག་ཤུགས་ཀྱི་འཕྲལ་བསྟུན་ཉེན་སེལ་བྱ་བ་སྤེལ་བཞིན་ཡོད་ལ། ཕྱོགས་སོ་སོའི་འབད་བརྩོན་བྱས་པ་བརྒྱུད། མིག་སྔར་གནོད་ཐེབས་ས་ཁུལ་དུ་འཕྲིན་གཏོང་དང་བགྲོད་ལམ། གློག་ཤུགས་བཅས་གཞི་རྩའི་ཆ་ནས་སླར་གསོ་བྱུང་ཡོད།
ཀྲུང་དབྱང་གི་གནོད་སེལ་དངོས་རྫས་ཁྲི་གཉིས་དང་སྟོང་གཉིས་ཚང་མ་གནོད་ཐེབས་ས་ཁུལ་དུ་འབྱོར་ཡོད་ལ། ད་ལྟ། རྒྱལ་ཁབ་གནོད་འགོག་གནོད་སེལ་གནོད་སྐྱོབ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་། འཕྲལ་བསྟུན་དོ་དམ་པུའུ། རྒྱལ་ཁབ་འབྲུ་རིགས་དང་གྲབས་གསོག་ཅུའུ་བཅས་ཀྱིས་ཡང་བསྐྱར་ཀྲུང་དབྱང་གི་གནོད་སེལ་དངོས་རྫས་ཉལ་ཐུལ་དང་ལྟེབ་ཆོག་པའི་ཉལ་ཁྲི་ཁྲི་གཉིས་ལྷག་བཀོད་སྒྲིག་བྱས་ནས། ས་ཡོམ་གྱི་ཤུགས་རྐྱེན་ཅུང་ཚབས་ཆེ་བའི་དིང་རི་རྫོང་དང་དེ་མིན་མཐའ་འཁོར་ས་ཁུལ་དུ་གནོད་སེལ་རོགས་སྐྱོབ་བྱ་བ་སྤེལ་རྒྱུར་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱས།
ཤ་བོ་རིན་མཚོས་བསྒྱུར།