རྨ་སྟོད་རྫོང་གི་ཚད་རིམ5.5ཡི་ས་ཡོམ་ཁྲོད་མི་སྣར་ཤི་རྨས་ཐེབས་མེད་ལ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་རྒྱུན་ལྡན་རེད།
2025.01.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 31

ཟླ1པོའི་ཚེས9ཉིན། གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་ཚད་རིམ5.5ཡི་ས་ཡོམ་ཁྲོད་མཚོ་སྐྱ་རེངས་ཡུལ་ཚོའི་ཀླུ་ནག་་སྡེ་བའི་འབྲོག་པ་མང་ཚོགས་རྣམས་ཀྱི་ཐོན་སྐྱེད་འཚོ་བ་རྒྱུན་ལྡན་ཡིན་པ་མཐོང་།  ཐེངས་འདིའི་ས་ཡོམ་ཁྲོད་མི་སྣར་ཤི་རྨས་ཐེབས་མེད་ལ། ཁང་བ་བརྡིབས་པ་དང་ཕྱུགས་ཟོག་ཤི་བ། ཡང་ན་ས་ཡོམ་རྐྱེན་གྱིས་གནོད་འཚེ་གཞན་པ་བྱུང་བའི་སྣང་ཚུལ་མི་འདུག་པ་གཏན་འཁེལ་བྱས།  མིག་སྔར། རྨ་སྟོད་རྫོང་གི་རྫོང་དང་གྲོང་རྡལ་སོ་སོའི་ཆུ་དང་གློག དྲོད་རླངས། བགྲོད་ལམ། འཕྲིན་སྐྱེལ་བཅས་རྒྱུན་ལྡན་བེད་སྤྱོད་བྱེད་ཐུབ་ལ། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་ངན་པ་ཐེབས་མེད།

རྒྱུས་ལོན་བྱུང་བ་ལྟར་ན། ཟླ1པོའི་ཚེས8ཉིན་གྱི་ཆུ་ཚོད15དང་སྐར་མ44ཡི་སྟེང་རྨ་སྟོད་རྫོང་ལ་ཚད་རིམ5.5ཡི་ས་ཡོམ་བྱུང་བ་དང་། མཚོ་སྐྱ་རེངས་ཡུལ་ཚོའི་དཀར་རྩེ་སྡེ་བ་དང་མདོ་གཞུང་སྡེ་བ། ཀླུ་ནག་སྡེ་བ་བཅས་ཀྱི་ཉེ་འཁོར་དུ་ས་ཡོམ་བྱུང་ཞིང་། རྨ་སྟོད་རྫོང་མཁར་དང་བར་ཐག་ཕལ་ཆེར་སྤྱི་ལེ65ཡོད། ས་ཡོམ་བྱུང་རྗེས། རྨ་སྟོད་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་དུས་ཐོག་ཏུ་མི་སྣ་རྩ་འཛུགས་བྱས་ནས་རྫོང་དང་གྲོང་རྡལ་སོ་སོའི་གནོད་ཐེབས་ས་ཁུལ་དུ་གྲལ་བཤེར་བྱས་པར་མ་ཟད། བགྲོད་ལམ་དང་ཟམ་པ། གློག་ཤུགས། འཕྲིན་སྐྱེལ་སོགས་གྲོང་སྲིད་ཀྱི་རྨང་གཞིའི་སྒྲིག་ཆས་དང་། སྡོད་དམངས་ཁུལ། སློབ་གྲྭ། སྨན་ཁང་སོགས་བཟོ་བཀོད་གཙོ་བོར་གནོད་སྐྱོན་བྱུང་ཚུལ་གྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱས། རྨ་སྟོད་རྫོང་འཕྲལ་བསྟུན་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀྲང་ཡོན་པའེ་ཡིས་ངོ་སྤྲོད་བྱས་རྒྱུར། ས་ཡོམ་བྱུང་རྗེས་ཀྱི་ཆུ་ཚོད་གསུམ་གྱི་ཚུན་ལ། རོགས་སྐྱོབ་མི་སྣ་མང་པོས་གནམ་གཤིས་ངན་པར་མི་འཛེམ་པར་ས་ཡོམ་བྱུང་སའི་ཐག་རིང་སའི་འབྲོག་པའི་སྟོན་དགུན་ཕྱུགས་རར་འབྱོར་ནས་མང་ཚོགས་ལ་སེམས་གསོ་དང་བདེ་འགོད་བྱས་ཤིང་། དངོས་རྒྱུ་བཀྲམས་པའི་བྱ་བ་བསྒྲུབས་པ་ཡིན་ཟེར། ས་གནས་དེའི་འབྲོག་པ་ཨོ་རྒྱན་གྱིས་གསར་འགོད་པར་བཤད་རྒྱུར།  ས་ཡོམ་བྱུང་སྐབས་སྟོན་དགུན་ཕྱུགས་རར་འབྲོག་པ་ཚོས་ཕུབ་པའི་སྦྲ་གུར་ནང་གི་འཚོ་བའི་ཡོ་བྱད་སར་ལྷུང་མགོ་བརྩམས་པ་དང་། ས་ངོས་སུ་གས་སྲུབས་བྱུང་མོད། ཁྱིམ་མི་དང་ཉེ་འཁོར་གྱི་ཁྱིམ་མཚེས་ཚོར་ཤི་རྨས་ཐེབས་པའི་གནས་ཚུལ་བྱུང་མེད་ལ། ཕྱུགས་ཟོག་ལ་གནོད་པ་ཐེབས་མེད་ཟེར།

གསར་འགོད་པས་མགོ་ལོག་ཁུལ་འཕྲལ་བསྟུན་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2021ལོར་རྨ་སྟོད་ལ་ས་ཡོམ་བྱུང་བའི་ཚུན་ལ། མགོ་ལོག་ཁུལ་གྱི་འཕྲལ་བསྟུན་རྒུད་སྐྱོབ་ནུས་པ་མུ་མཐུད་དུ་མཐོར་འདེགས་བཏང་བ་དང་། དངོས་རྒྱུ་གསོག་འཇོག་གི་རིགས་དང་གྲངས་ཀ་ཇེ་མང་དང་སྤུས་ཀ་ཇེ་ལེགས་སུ་ཕྱིན་ཡོད། མིག་སྔའི་བར། ཁུལ་རིམ་པས་འཕྲལ་བསྟུན་རྒུད་སྐྱོབ་དངོས་རྒྱུ་ཁྲི་དགུ་ལྷག་གསོག་འཇོག་བྱས་ཡོད་ལ། དུས་ཐོག་ཏུ་གློ་བུར་བའི་རང་བྱུང་གནོད་འཚེར་ཁ་གཏད་གཅོག་པའི་ནུས་པ་ལྡན། དེ་ལས་གཞན། འཕྲལ་བསྟུན་མི་སྣ་བཀོད་སྒྲིག་དང་སྒྲིག་ཆས་ཀྱི་ཕྱོགས་ནས། མགོ་ལོག་ཁུལ་གྱི་རྫོང་དྲུག་གིས་འཕྲལ་བསྟུན་ལས་བྱེད་མི་སྣ་བཀོད་སྒྲིག་ལེགས་པོ་བྱས་པར་མ་ཟད། མི་མེད་གནམ་གྲུ་དང་འཁོར་སྐར་ཁ་པར་སོགས་ཆ་འཕྲིན་སྒྲིག་ཆས་སྒྲིག་སྦྱོར་བྱས་པས། དུས་ཐོག་ཏུ་གློ་བུར་གནས་ཚུལ་རིགས་སྣ་ཚོགས་ལ་ཁ་གཏད་གཅོག་ཐུབ། དེ་ལས་གཞན། མགོ་ལོག་ཁུལ་གྱིས་ཚད་ལྡན་ཅན་གྱི་འཕྲལ་བསྟུན་གསོག་འཇོག་མཛོད་འཛུགས་སྐྲུན་བྱེད་ཀྱིན་ཡོད་ལ། ཁུལ་རིམ་པ་དང་རྫོང་དྲུག་གི་འཕྲལ་བསྟུན་གསོག་འཇོག་མཛོད་འཛུགས་སྐྲུན་བྱ་བ་ཕལ་ཆེར་ད་ལོའི་ཟླ5པ་ནས་མགོ་བརྩམ་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།