བོད་ལྗོངས་གཞིས་ཀ་རྩེ་དིང་རི་རྫོང་གི་ཚད་རིམ6.8ཀྱི་ས་ཡོམ་རྒུད་སྐྱོབ་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ།
2025.01.10 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 65

ཟླ1པོའི་ཚེས9ཉིན་གྱི་ཆུ་ཚོད་དྲུག་པའི་བར། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ཚད་རིམ6.8ཀྱི་ས་ཡོམ་ཁྲོད་མི126རྐྱེན་ལམ་དུ་ཤོར་བ་དང་། གནོད་ཐེབས་མང་ཚོགས་ཀྱི་མི་གྲངས་ཁྲི་དྲུག་དང་སྟོང་གཅིག་ལྔ་བརྒྱར་སླེབས། མིག་སྔར། ཡོམ་འགོག་རྒུད་སྐྱོབ་བྱ་བ་རྒྱུན་མཐུད་ངང་སྤེལ་བཞིན་ཡོད་ལ། ཕྱོགས་སོ་སོས་ནུས་ཤུགས་ཡོད་རྒུས་གནོད་ཐེབས་མི་སྣ་སྐྱོབ་བཅོས་བྱས་ཏེ། གནོད་ཐེབས་མང་ཚོགས་ཀྱི་བདེ་འགོད་བྱ་བ་ལེགས་པོར་བསྒྲུབས།

བསྟུད་མར་ཉིན་འགའི་རིང་། དམག་དཔུང་དཔོན་དམག་དང་འཕྲལ་བསྟུན་རོགས་སྐྱོབ། མེ་འགོག་མེ་གསོད་རོགས་སྐྱོབ། ནགས་ཚལ་མེ་འགོག་མེ་གསོད། སྤྱི་བདེ་ཉེན་རྟོག་པ་དང་སྤྱི་ཚོགས་འཕྲལ་བསྟུན་རོགས་སྐྱོབ་སྟོབས་ཤུགས་མི་སྣ་ཁྲི་ལྷག་གིས་ཡོམ་ཁུལ་ཡོངས་སུ་ལྷག་ལུས་མེད་པར་འཚོལ་སྐྱོབ་བྱས་ཤིང་། ཁྱོན་བསྡོམས་མང་ཚོགས་བཞི་བརྒྱ་དང་བདུན་བསྐྱབས་པ་རེད།

དགུན་གཞུང་གི་དུས་འདིར་གྲང་ངར་ཆེ་ལ་དབྱང་དབུགས་དཀོན་པས། གནོད་ཐེབས་མང་ཚོགས་བདེ་འགོད་ཀྱི་བྱ་བ་ལེགས་པོར་བསྒྲུབ་ནས་མང་ཚོགས་ལ་བདེ་འཇགས་དང་དྲོད་འཁོལ་ལྡན་པའི་ངང་དགུན་སྐྱེལ་དུ་འཇུག་རྒྱུ་ཧ་ཅང་གལ་ཆེ། མིག་སྔར། གནོད་ཐེབས་ས་ཁུལ་དུ་བདེ་འགོད་ས་ཚིགས2024བཀོད་སྒྲིག་བྱས་པ་དང་། མང་ཚོགས་ཁྲི་བཞི་དང་སྟོང་བདུན་ལྔ་བརྒྱ་བདེ་འགོད་ས་ཚིགས་ལ་སྤར། ས་གནས་མང་པོའི་རོགས་སྐྱོབ་དངོས་རྒྱུ་བསྟུད་མར་འབྱོར་བར་མ་ཟད་མང་ཚོགས་ལ་བཀྲམ།  གསར་འགོད་པས་དིང་རི་རྫོང་མཚོ་སྒང་ཡུལ་ཚོའི་བདེ་འགོད་གུར་ནང་དུ་སྡེ་མི་རྣམས་ཀྱིས་རྣམ་པ་གསར་བའི་མཐོ་སྒང་གི་ཐབ་ཆས་བཀོལ་བཞིན་པ་མཐོང་། གནོད་འཚེ་ཐེབས་པ་ཅུང་ཚབས་ཆེ་བའི་དིང་རི་རྫོང་གྲམ་སོ་ཡུལ་ཚོའི་མགུ་རིང་སྡེ་བ་དང་།  ཆུ་ལྷོ་ཡུལ་ཚོའི་མཚོ་སྔ་སྡེ་བར་ཕྱོགས་མང་པོས་བསྡུ་རུབ་བྱས་པའི་སྟབས་བདེའི་པང་ལེབ་ཁང་བ་འབྱོར་བ་དང་། ལས་བྱེད་མི་སྣས་མགྱོགས་མྱུར་ངང་ཁང་བ་ཕུབ་ཀྱིན་ཡོད།

ཚེས་དགུ་ཉིན།  རྒྱལ་ཁབ་གནོད་འགོག་གནོད་སེལ་གནོད་སྐྱོབ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་འཕྲལ་བསྟུན་དོ་དམ་སྡེ་ཁག་གིས་གནོད་ཁུལ་མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་དང་དགུན་སྐྱེལ་བའི་དགོས་མཁོར་གཞིགས་ནས། འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་མཐུན་སྦྱོར་བྱས་ཏེ་སྐྱེ་དངོས་རྒྱུའི་འབར་རྫས་ཏུན་ཁྲི་གཅིག་དང་འཕྲལ་བསྟུན་གློག་སྒྲོན་སྟོང་ལྔ་སོགས་དངོས་རྒྱུའི་རོགས་སྐྱོར་བྱས། མིག་སྔའི་བར། འཕྲལ་བསྟུན་དོ་དམ་སྡེ་ཁག་གིས་ཀྲུང་དབྱང་གི་ཁེ་ལས་མང་པོ་དང་མཐུན་སྦྱོར་སྒོས་རུ་ཁག་དྲུག་གི་མི629དང་། སྒྲིག་ཆས230ཡིས་གནོད་ཁུལ་དུ་གནོད་ཐེབས་ཁང་བར་གྲལ་བཤེར་དང་། གློག་བཀོལ་བའི་དགོས་མཁོ་ལ་འགན་སྲུང་། དངོས་རྗས་སྐྱེལ་འདྲེན་སོགས་ཀྱི་བྱ་བ་སྒྲུབ་ཀྱིན་ཡོད།

ནོར་སྲིད་སྡེ་ཁག་གིས་ཞིང་ལས་ཞིང་སྡེ་པུའུ་དང་མཉམ་དུ་ཀྲུང་དབྱང་ནོར་སྲིད་ཞིང་ལས་ཐོན་སྐྱེད་གནོད་འགོག་གནོད་སེལ་གནོད་སྐྱོབ་མ་དངུལ་བྱེ་བ་བརྒྱད་འཕྲལ་བསྟུན་སྔོན་གཏོང་བྱས་ཏེ།   བོད་ལྗོངས་ཀྱིས་ས་ཡོམ་ཁྲོད་གནོད་འཚེ་ཐེབས་པའི་ཞིང་ལས་ཐོན་སྐྱེད་དང་ཕྱུགས་རིགས་གསོ་སྤེལ་སྒྲིག་ཆས་ཞིག་གསོ་སོགས་ཀྱི་འབྲེལ་ཡོད་རྒུད་སྐྱོབ་བྱ་བ་ལེགས་པོར་བསྒྲུབ་པར་རྒྱབ་སྐྱོར་བྱས་པར་མ་ཟད། གནོད་རྗེས་ཐོན་སྐྱེད་སླར་གསོ་བྱས་ནས་སྨན་བཅོས་ཡོ་བྱད་དང་འབར་སྣུམ། གཟན་རྩ་སོགས་ཉོ་བར་རོགས་དངུལ་འདང་ངེས་སྤྲད་པ་དང་། གནོད་ཐེབས་ས་ཁུལ་གྱི་ཞིང་ལས་ཐོན་སྐྱེད་མགྱོགས་མྱུར་ངང་སླར་གསོ་བྱེད་པར་སྐུལ་འདེད་བཏང་།

ལྷ་མོ་འཚོས་བསྒྱུར།