མཚོ་སྔོན་གྱིས་ཤོག་སྦག་གི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་ལོ་མཇུག་ལོ་འགོའི་བདེ་འཇགས་ལ་འགན་སྲུང་བྱས།
2025.01.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 66

ལུགས་རྙིང་ལོ་སར་ཐོན་ལ་ཉེ་བ་དང་། ཤོག་སྦག་ཉོ་ཚོང་བྱེད་ཚད་ཇེ་མང་དུ་སོང་བ་དང་བསྟུན་ནས། ཁྲིམས་འགལ་ཉར་གསོག་དང་ཉོ་ཚོང་བྱེད་པའི་སྣང་ཚུལ་ཇེ་མང་དུ་འགྲོ་བཞིན་ཡོད། ཤོག་སྦག་ཉོ་ཚོང་གི་སྒྲིག་ལམ་སྔར་ལས་ཚད་ལྡན་དུ་གཏོང་བ་དང་། ཤོག་སྦག་གི་ཁྲིམས་འགུལ་སྤྱོད་ཚུལ་རྡུང་རྡེག་ནན་མོ་བྱེད་པ། མི་དམངས་མང་ཚོགས་ཀྱི་འཚོ་བའི་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་པ་བཅས་བྱེད་ཆེད། མཚོ་སྔོན་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཧ་ཅང་མཐོང་ཆེན་བྱས་པ་དང་། བྱེད་ཐབས་ཇེ་དྲག་ཏུ་བཏང་ལ། ཤོག་སྦག་གི་ཆེད་དོན་གྲལ་བཤེར་བཅོས་སྐྱོང་བརྟན་བརླིང་ངང་སྤེལ་བ་དང་། ཤོག་སྦག་ཉོ་ཚོང་བྱེད་ཚད་མང་བའི་སྐབས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཕྱོགས་ཡོངས་ནས་ཇེ་ཆེར་བཏང་ནས། ཤོག་སྦག་ཐད་ཀྱི་ཆག་སྒོ་འབྱུང་བར་མཐའ་གཅིག་ཏུ་འགོག་ཟོན་དང་བཀག་འགོག་བྱས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་དང་ཤོག་སྦག་གི་བདེ་འཇགས་དོ་དམ་སྲོལ་ཡིག མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག མཚོ་སྔོན་ཞིང་ཆེན་ཤོག་སྦག་གི་བདེ་འཇགས་དོ་དམ་ཆོད་དོན་སོགས་བཅའ་ཁྲིམས་ཁྲིམས་སྲོལ་ལ་དམིགས་ནས་ཞིང་ཆེན་ཡོངས་ཀྱི་ཤོག་སྦག་ཚོང་གཉེར་ཁེ་ལས་ཀྱི་བདེ་འཇགས་གསོ་སྦྱོང་སྤེལ་བ་དང་། སིལ་འཚོང་ཚོང་གཉེར་ཆ་རྐྱེན་དང་ཉོ་ཚོང་བདེ་འཇགས་སོགས་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་གཙིགས་སུ་བཟུང་ནས། ཞིང་ཆེན་ཡོངས་ཀྱི་ཤོག་སྦག་སིལ་འཚོང་ཚོང་ཁང་ལྔ་བརྒྱ་དང་བཅུ་བཞི་ཡི་ལས་ཞུགས་མི་སྣར་ཕྱོགས་ཡོངས་ནས་གསོ་སྦྱོང་དང་ཡོངས་སུ་ཁེབས་པའི་རྒྱུགས་ལེན་བྱས་པ་མ་ཟད། དཔེ་མཚོན་དཔེ་གཞི་བརྒྱུད་དེ། གསོ་སྦྱོང་ལ་ཞུགས་པའི་མི་སྣར་ཉེན་བརྡ་སློབ་གསོ་སྤེལ། གསོ་སྦྱོང་ལ་ཞུགས་པའི་མི་ཚང་མར་རྒྱུགས་བླངས་པ་མ་ཟད་གཅིག་གྱུར་སྒོས་གསོ་སྦྱོང་ཚད་ལྡན་འཛིན་ཡིག་བྱིན། དེ་དང་མཉམ་དུ། ཞུ་གཏུག་བྱ་དགའི་བྱ་བ་དེ་ཤོག་སྦག་གི་བདེ་འཇགས་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་པ་དང་། མཚོ་སྔོན་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུའུ་དང་མཐུན་སྦྱོར་བྱས་ནས་ལུགས་སར་ལོ་གསར་དང་ལུགས་རྙིང་ལོ་སར་སྐབས་སུ་ཞིང་ཆེན་ཡོངས་ཀྱི་ལག་ཁྱེར་ཁ་པར་སྤྱོད་མཁན་ཡོངས་ལ་ཤོག་སྦག་བདེ་འཇགས་ཀྱི་སྤྱི་ཕན་འཕྲིན་ཐུང་བསྐུར་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་འཇགས་འགོག་སྲུང་འདུ་ཤེས་ཇེ་མཐོར་བཏང་བ་དང་། མང་ཚོགས་ཀྱི་བདེ་འཇགས་ངང་ཤོག་སྦག་རྒྱག་པར་སྣེ་ཁྲིད་བྱས་ལ། གྲོང་མི་དང་ཚོང་བ་ཚོས་ཤོག་སྦག་གི་ཁྲིམས་འགལ་ཉོ་ཚོང་སྤྱོད་ཚུལ་ཞུ་གཏུག་ཐེར་འདོན་བྱེད་པར་སྐུལ་སློང་བཏང་།

དེ་ལས་གཞན། མཚོ་སྔོན་ཞིང་ཆེན་གྱི་ཤོག་སྦག་ཐད་ཀྱི་ཁྲིམས་འགལ་སྤྱོད་ཚུལ་ལ་རྡུང་རྡེག་བྱེད་པའི་ཆེད་དོན་ཚན་ཁག་གིས་རྒྱུན་མཐུད་ངང་ཤུགས་བཏོན་ནས། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་ཤོག་སྦག་གི་ཁྲིམས་འགལ་སྤྱོད་ཚུལ་ལ་རྡུང་རྡེག་དང་བཅོས་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ། ཟི་ལིང་དང་མཚོ་ཤར། རྨ་ལྷོ་སོགས་ས་ཁུལ་དུ་ཁྲིམས་འགལ་ཉར་འགོག་དང་ཚོང་གཉེར་བྱེད་ས་ཉེར་དྲུག་རྩད་ཆོད་བྱུང་བ་དང་། བསྡོམས་པས་ཁྲིམས་འགལ་ཉོ་ཚོང་བྱས་པའི་ཤོག་སྦག་ཁྲི་གཅིག་དང་སྟོང་གཅིག་སུམ་བརྒྱ་ང་བདུན་རྙེད་ལ། གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་སྣ་ཉེན་རྟོག་ཕྱོགས་ཀྱི་བཀག་སྡོམ་བྱས་ནས་བརྟག་བཤེར་དང་ལེན་བྱེད་ཀྱིན་ཡོད། མི་བྱེད་པ་བཞི་དང་ཐད་ཀར་བཞིའི་རྣམ་པ་སྤྱད་དེ་ཤོག་སྦག་ཚོང་གཉེར་ཚོང་ཁང་ཉེར་བདུན་ལ་འཐེན་ཞིབ་བྱས་པ་དང་། ཉེན་ཁ་དང་གནད་དོན་དོན་དྲུག་རྙེད་ལ། མངའ་ཁོངས་ས་ཆའི་འཕྲལ་བསྟུན་དོ་དམ་སྡེ་ཁག་གིས་ཤོག་སྦག་ཚོང་ས་གསུམ་གྱི་ཚོང་གཉེར་འཛིན་བྱང་ཕྱིར་ལེན་རྒྱུའི་རེ་བ་བཏོན་པ་མ་ཟད། རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་རྒྱུའི་སྐུལ་མ་བཏང་།

ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། ཡུན་ཕན་རྐྱེན་སྲོལ་བཙུགས་ནས། ཤོག་སྦག་གི་ཁྲིམས་འགལ་སྤྱོད་ཚུལ་ལ་བརྟག་བཤེར་ནན་མོ་དང་རྡུང་རྡེག་ནན་མོ་བྱེད་པ་དང་། ཤོག་སྦག་གི་ཆག་སྒོ་འབྱུང་བར་མཐའ་གཅིག་ཏུ་འགོག་ཟོན་དང་བཀག་འགོག་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་སྤྲོ་སྐྱིད་ཞི་འཇམ་དང་བདེ་འཇགས་ཀྱི་དུས་ཆེན་ཞིག་རོལ་བར་ཁག་ཐེག་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།