མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་ལས་གཞིར་ཡང་བསྐྱར་འཕེལ་རྒྱས་གསར་པ་བྱུང་།
2025.01.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 74

 ཟླ1ཚེས9ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཐེན་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་ཟུར་གཏོགས་སྨན་ཁང་དང་པོ་མཚོ་སྔོན་སྨན་ཁང་དེ་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་སྐོར་བཞི་པའི་ནང་བཞག་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་ཐེན་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་ཟུར་གཏོགས་སྨན་ཁང་དང་པོ་དང་མཉམ་ལས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ས་ཁོངས་སྨན་བཅོས་ལྟེ་གནས་ཀྱི་སྒྲོམ་གཞིའི་གྲོས་མཐུན་བཀོད་པར་མ་ཟད།  ཞིང་ཆེན་ནོར་སྲིད་ཐིན་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུའུ་སོགས་སྡེ་ཁག་མང་པོ་དང་མཐུན་སྦྱོར་བྱས་ཏེ་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། 2024ལོའི་ཟླ3ཚེས16ཉིན་འཛུགས་སྐྲུན་བྱེད་འགོ་བརྩམས་པ་ནས་བཟུང་།  ལས་དོན་སྣ་ཚོགས་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས།   ཞག་སྡོད་ཐོག་ཁང་དང་སྒོ་བསྟེན་ཐོག་ཁང་དེ2025ལོའི་ཟླ10པར་ལེགས་འགྲུབ་བྱུང་ནས་བཀོལ་སྤྱོད་བྱེད་རྒྱུ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ཐེན་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཟུར་གཏོགས་སྨན་ཁང་དང་པོ་དང་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་གིས་བརྗེ་རེས་མཉམ་ལས་བྱས་ཏེ་རིག་ཚན་འཛུགས་སྐྲུན་དང་། ལག་རྩལ་གསར་པ་བརྗེ་རེས། སྔོན་ཐོན་གྱི་དོ་དམ་དཔེ་དབྱིབས་ནང་འདྲེན། མི་སྣ་བརྗེ་རེས་དང་བཀོད་སྒྲིག་བཅས་བྱེད་པའི་ཐད་ཕན་འབྲས་མངོན་གསལ་བླངས་ཡོད།   ཐེན་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཟུར་གཏོགས་སྨན་ཁང་དང་པོས་དོ་དམ་དང་། ལག་རྩལ། སྤུས་རྟགས་བཅས་ཐད་ཀྱི་ལེགས་ཆ་འདོན་སྤེལ་ལེགས་པོ་བྱས་ཏེ། ཀྲུང་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་ཇུས་གཞི་བར་བརྒལ་ནད་ཁུལ་དུ་བསྒྱུར་བ་དང་། ནད་ཐོག་སྨན་བཅོས་ཀྱི་བྱ་སྤྱོད་སྔར་ལས་ཚད་ལྡན་དུ་བཏང་ནས།  སྔ་རྗེས་སུ་ཁབ་བཙའ་དང་། སྙིང་ཁམས་ཁྲག་རྩ།  ཀླད་པའི་ནད་རིགས། ཕོ་ནད། བྱིས་ནད་ཚན་ཁག ཕྱི་ནད་ཚན་ཁག་སོགས་ཆེད་ལས་ཀྱི་ཆེད་མཁས་པ60ལྷག་མཚོ་སྔོན་དུ་ལས་དོན་སྤེལ་བར་མངགས།   མིག་སྔའི་བར།  མཚོ་སྔོན་དུ་ཡོང་བའི་ཐེན་ཅིན་གྱི་ཆེད་མཁས་པས་སྒོ་བསྟེན་སྨན་ཁང་དུ་ནད་པར་བརྟག་བཅོས་བྱས་ཚད་མི་ཐེངས6800ལྷག་ལ་སླེབས་པ་དང་།  ཞག་སྡོད་ནད་པ་མི་ཐེངས2300ལྷག་ལ་སྨན་བཅོས་བྱས་ཡོད།

མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་གིས་ཐེན་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཟུར་གཏོགས་སྨན་ཁང་དང་པོས་ལས་དོན་སྣ་ཚོགས་སྤེལ་བར་གཞོགས་འདེགས་བྱས་ཏེ། དགོས་ངེས་ཀྱི་རྒྱབ་སྐྱོར་དང་མཁོ་སྒྲུབ་འགན་ལེན་བྱས།  རང་སྨན་ཁང་དུ་ནད་ཁྲི100བཀོད་སྒྲིག་བྱས་ཏེ་བར་བརྒལ་ནད་ཁུལ་དུ་བརྩིས་ནས་ངོ་བོའི་རང་བཞིན་གྱི་མཉམ་ལས་ལ་སྐུལ་འདེད་བཏང་བ་དང་། སྔ་རྗེས་སུ་ཁབ་བཙའ་དང་། སྙིང་ཁམས་ཁྲག་རྩ། སྨན་རྫས་རིག་པ། ནད་གཡོག་སོགས་འབྲེལ་ཡོད་ཆེད་སྦྱོང་ཚན་ཁག་གི་ལག་རྩལ་རྐང་འཛིན་པ30ལྷག་ཐེན་ཅིན་དུ་ཟབ་སྦྱོང་བྱེད་པར་མངགས་ནས། ཁབ་བཙའི་ལག་རྩལ་དང་ནད་གཡོག་ལག་རྩལ་སོགས་ནད་ཐོག་སྨན་བཅོས་ཁྲོད་སྤྱོད་བཞིན་ཡོད།

ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་གི་ཡོན་ཀྲང་ལིན་ཞུན་གྱིས་བཤད་རྒྱུར། རྗེས་ཕྱོགས་ང་ཚོས་ཀྲུང་ལུགས་གསོ་རིག་གི་ཁབ་བཙའ་དང་། ཀྲུང་ལུགས་གསོ་རིག་གི་སྙིང་ཁམས་ཁྲག་རྩ། ཀྲུང་ལུགས་གསོ་རིག་གི་སྐྲན་ནད་སོགས་ཆེད་ལས་ཚན་ཁག་འཛུགས་སྐྲུན་བྱེད་པ་གཙོ་གནད་དུ་བཟུང་ནས། ས་ཁོངས་ཁྱབ་ཁོངས་ནང་གི་བཅོས་དཀའ་བའི་ནད་རིགས་དང་ནད་རིགས་ཚབས་ཆེན་གྱི་ནད་བརྟག་སྨན་བཅོས་ནུས་པ་ཆེ་རུ་གཏོང་བར་ཤུགས་བསྣན་ཏེ། ས་གནས་གཞན་པར་སྨན་བཅོས་བྱེད་པར་འགྲོ་ཚད་ཇེ་དམའ་རུ་གཏོང་བ་དང་། མཐོ་སྒང་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།